1974ལོ།
★ ཟླ་1ཚེས་19ཉིན་དང་ཚེས་20ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བཀའ་ལྟར་ཝེ་ཐེ་ནམ་ལྷོ་རྒྱུད་ཀྱི་ཞི་ཀུང་དབང་འཛིན་དམག་དཔུང་ལ་དྲག་པོའི་ཕར་རྒོལ་བྱས་ནས་རང་སྲུང་རྒོལ་ལན་སྤྲད་དེ་ཤིས་ཧྲ་གླིང་ཚོམ་གྱི་མངའ་ཁོངས་ས་ཆ་རྒྱལ་ཁའི་ངང་སྲུང་སྐྱོབ་བྱས།
★ ཟླ་4ཚེས་6ཉིན་ནས་ཚེས་16ཉིན་བར། ཏེང་ཞའོ་ཕིང་གིས་ཀྲུང་གོའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་སྐབས་དྲུག་པར་ཞུགས། ཚེས་10ཉིན། ཚོཌ་འདུར་མའོ་ཙེ་ཏུང་གི“འཛམ་གླིང་གསུམ”དབྱེ་འབྱེད་སྐོར་གྱི་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་རྒྱས་བཤད་གནང་།
★ ཟླ་8ཚེས་1ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུང་གོ་རང་ངོས་ནས་ཇུས་འགོད་བཟོ་སྐྲུན་བྱས་པའི་ཉིང་རྡུལ་ཆུར་འཛུལ་དམག་གྲུ་དང་པོ་དེར“རྒྱང་སྐྱོད་རྟགས་ཅན་ཨང་དང་པོ”ཞེས་མིང་བཏགས་ནས་མཚོ་དམག་གི་དམག་འཐབ་རུ་སྟར་ཁོངས་སུ་བཅུག་པའི་བཀའ་རྒྱ་བཏང་། མི་དམངས་མཚོ་དམག་ཉིང་རྡུལ་ཆུར་འཛུལ་དམག་གྲུ་ཡོད་པའི་དུས་མཚམས་གསར་པར་སླེབས།
1975ལོ།
★ ཟླ་1ཚེས་13ཉིན་ནས་ཚེས་17ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུར་དེང་རབས་ཅན་བཞིའི་དམིགས་ཚད་བསྐྱར་བསྒྲགས་བྱས་པ་དང་། ཀྲུའུ་ཏེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་། ཀྲོའུ་ཨེན་ལའེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཏེང་ཞའོ་ཕིང་སོགས་ཙུང་ལི་གཞོན་པར་བསྐོས། དེ་གོང་། ཟླ་1ཚེས་5ཉིན་ཏེང་ཞའོ་ཕིང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པར་བསྐོས། ཟླ་1ཚེས་8ནས་10ཉིན་བར་འཚོགས་པའི་ཀྲུང་གུང་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱས།
★ ཟླ་2པར། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་ཡི་རྒྱབ་སྐྱོར་འོག ཏེང་ཞའོ་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་གཏན་ལས་དོན་གཙོ་སྐྱོང་གནང་འགོ་ཚུགས།
★ ཟླ་11ཚེས་26ཉིན། ཀྲུང་གོས་ཕྱིར་ལོག་ཐུབ་པའི་རྒྱང་ཚོར་མིས་བཟོས་ས་གོ་ལའི་སྲུང་སྐར་ཞིག་ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་བྱས་པ་མ་ཟད། འཆར་གཞི་ལྟར་བདེ་བླག་ངང་ཚུར་བསྡུས་ནས་ཨ་རི་དང་སུའུ་ལེན་རྗེས་ཀྱི་སྲུང་སྐར་ཚུར་བསྡུའི་ལག་རྩལ་ཁོང་དུ་ཆུད་པའི་རྒྱལ་ཁབ་ཨང་གསུམ་པར་གྱུར།
1976ལོ།
★ ཟླ1ཚེས་8ཉིན། ཀྲོའུ་ཨེན་ལའེ་སྐུ་གཤེགས།
★ ཟླ་3པའི་ཟླ་སྨད་ནས་ཟླ་4ཚེས་5ཉིན་བར། པེ་ཅིང་དང་ནན་ཅིང་སོགས་སུ་ཀྲོའུ་ཨེན་ལའེ་ལ་མྱ་ངན་ཞུ་བ་དང“མི་བཞི་ཤོག་ཁག”ལ་ངོ་རྒོལ་བྱེད་པའི་མང་ཚོགས་ཀྱི་ལས་འགུལ་ལངས། ཟླ་4ཚེས་5ཉིན། རྒྱལ་སའི་མང་ཚོགས་ཀྱིས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་དེ“གསར་བརྗེར་ངོ་རྒོལ་གྱི་དོན་རྐྱེན”དུ་ནོར་འཁྲུལ་ངང་གཏན་འཁེལ་བྱས་ཡོད།
★ ཟླ་4ཚེས་7ཉིན། ཧྭ་གོ་ཧྥུང་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་བྱས། ཏེང་ཞའོ་ཕིང་གི་ཏང་ཕྱི་ནང་གི་གོ་གནས་ཚང་མ་ནོར་འཁྲུལ་ངང་མེད་པར་བཟོས་ཡོད།
★ ཟླ་7ཚེས་6ཉིན། ཀྲུའུ་ཏེ་སྐུ་གཤེགས།
★ ཟླ་7ཚེས་28ཉིན། ཧོ་པེ་ཐང་ཧྲན་དང་ཧྥེང་ནན་ས་ཁུལ་དུ་ས་ཡོམ་ཆེན་པོ་རིམ་པ་7.8བརྒྱབ་པ་མ་ཟད། ཐེན་ཅིན་དང་པེ་ཅིང་སོགས་ས་ཁུལ་དུའང་ཤུགས་རྐྱེན་ཐེབས་ནས་མི་ཁྲི་24.2ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་16.4ལྷག་ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་དང་བཅིངས་འགྲོལ་དམག་གི་རོགས་སྐྱོར་ཤུགས་ཆེན་འོག གེགས་ཁུལ་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱས་ཡོད།
★ ཟླ་9ཚེས་9ཉིན། མའོ་ཙེ་ཏུང་སྐུ་གཤེགས། ཚེས་18ཉིན། རྒྱལ་སའི་མང་ཚོགས་ཁྲི་བརྒྱ་ཡིས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག ཐད་སྐྱོང་གྲོང་ཁྱེར་ཁག་བཅས་སུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
★ ཟླ་10ཚེས་6ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་དང་མི་དམངས་ཀྱི་འདོད་བློ་ལྟར་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་དེ“མི་བཞི་ཤོག་ཁག”རྡུལ་དུ་བརླགས་པ་དང་། ལོ་བཅུ་ལྷག་ཙམ་རྒྱུན་མཐུད་པའི“རིག་གནས་གསར་བརྗེ་ཆེན་པོ”མཇུག་འགྲིལ་བ་རེད།
1977ལོ།
★ ཟླ་4ཚེས་10ཉིན། ཏེང་ཞའོ་ཕིང་གིས་ཧྭ་གོ་ཧྥུང་དང་། ཡེ་ཅན་དབྱིང་། ཀྲུང་གུང་ཀྲུང་དབྱང་བཅས་ལ་འཕྲིན་ཡིག་སྤྲིངས་ཏེ“ཡིན་ཕྱིན་གཉིས”ཀྱི་ནོར་འཁྲུལ་གྱི་ལྟ་བར་དམིགས་ནས་ང་ཚོས་མི་རབས་ནས་མི་རབས་བར་ངེས་པར་དུ་འཕྱུགས་པ་མེད་པ་དང་ཆ་ཚང་བའི་སྒོ་ནས་མའོ་ཙེ་ཏུང་གི་དགོངས་པར་བརྟེན་ཏེ་རང་རེའི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ལ་མཛུབ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད། ཟླ་5ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གིས་འཕྲིན་ཡིག་འདི་བརྒྱུད་སྤེལ་བྱས་པ་རེད།
★ ཟླ་7ཚེས་16ཉིན་ནས་ཚེས་21ཉིན་བར། ཀྲུང་གུང་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཧྭ་གོ་ཧྥུང་གི་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་གོ་གནས་རྗེས་སུ་ཁས་ལེན་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཏེང་ཞའོ་ཕིང་གི་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སོགས་ཀྱི་གོ་གནས་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
★ ཟླ་8ཚེས་12ཉིན་ནས་ཚེས་18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཤིང་། ཚོགས་ཆེན་ཐོག“རིག་གནས་གསར་བརྗེ་ཆེན་པོ”མཇུག་འགྲིལ་བ་ཡོངས་བསྒྲགས་བྱས་ཀྱང“རིག་གནས་གསར་བརྗེ་ཆེན་པོའི”ནོར་འཁྲུལ་རྩ་བའི་ཐོག་ནས་ཡོ་བསྲང་བྱེད་ཐུབ་མེད།
★ ཟླ་8ཚེས་19ཉིན། ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཧྭ་གོ་ཧྥུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས་བསྐོ་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་དམག་ཨུད་ཀྱི་མཚན་ཐོར་གྲོས་འཆམ་བྱུང་བ་དང་ཧྭ་གོ་ཧྥུང་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
★ ཟླ་9ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་གིས《རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་ཆེན་འཚོག་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས། ཏང་གི་ཤེས་ཡོན་ཅན་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱས་ཏེ། མེད་པར་བཟོས་པའི་ཚན་ཞིབ་ལས་ཁུངས་མགྱོགས་མྱུར་སླར་གསོ་དང་ཚན་ཞིབ་མི་སྣའི་ལག་རྩལ་གོ་མིང་སླར་གསོ་བྱེད་པ་དང་། དཔྱད་ཞིབ་ལམ་ལུགས་བཟོས་ནས་ལག་རྩལ་ལས་གནས་ཀྱི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད།
★ ཟླ་10ཚེས་5ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་སློབ་གསོ་པུའུ་ཡི《1977ལོའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་ལས་དོན་སྐོར་གྱི་བསམ་འཆར》ལ་གྲོས་བསྡུར་བྱས་པ་དང་འབྲེལ་རྩ་དོན་ཐོག་ཆོག་མཆན་སྤྲད་ཡོད།