དབུ་ཤོག>ཆེད་སྒྲིག
  • ཏང་གིས་ཇི་ལྟར་བྱས་ནས་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་གསར་བརྗེའི་ལམ་བུ་རྙེད་པ་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    དྲི་བ། ཏང་གིས་ཇི་ལྟར་བྱས་ནས་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་གསར་བརྗེའི་ལམ་བུ་རྙེད་པ་ཡིན་ནམ། 

    ལན། 《གྲོས་ཆོད》ནང་བསྟན་དོན། “གསར་བརྗེའི་འཐབ་རྩོད་ནང་བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས། མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་ཏེ། དཀའ་སྤྱད་འཚོལ་ཞིབ་དང་བློས་གཏོང་ཆེན་པོ་བརྒྱུད་བསགས་པའི་ཐུན་མིན་གསར་གཏོད་རང་བཞིན་གྱི་ཉམས་མྱོང་རབ་དང་རིམ་པར་རིགས་པའི་གཞུང་ལུགས་ཀྱི་སྒོ་ནས་སྙིང་བསྡུས་བྱས་པ་དང་། གྲོང་གསེབ་ནས་གྲོང་ཁྱེར་བསྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་ལེན་པའི་གསར་བརྗེའི་ལམ་བུ་ཡང་དག་ཅིག་གསར་དུ་ཕྱེ་ཡོད” རང་རེའི་ཏང་གིས་ཡང་དག་པའི་ལམ་བུ་འདི་དེ་འདྲའི་ལས་སླ་པོར་རྙེད་པ་ཞིག་མིན་པར་སློབ་སྦྱོང་དང་ཤེས་རྟོགས་ནན་ཏན་བྱས་ཚེ། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་མར་ཁེ་སི་རིང་ལུགས་འགྲིག་དོན་ལ་གོ་བ་ལེན་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་ཡིན་པའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོར་གསར་བརྗེ་བྱེད་པར་འཕྲད་པའི་དམིགས་བསལ་གྱི་རྒྱལ་བབ་ནི་ཞིང་པས་མི་འབོར་གྱི་བརྒྱ་ཆའི་གྲངས་མང་ཆེ་བ་བཟུང་བ་དང་། རྗེས་ལུས་ཁ་ཐོར་གྱི་ཞིང་ལས་ཀྱི་གཞི་ཁྱོན་ཆུང་བའི་དཔལ་འབྱོར་དང་ཐོན་སྐྱེད་ཆུང་གྲས་དང་དེའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་གྱི་རྩ་བ་ཟབ་ཅིང་བརྟན་པ་མ་ཟད། ད་དུང་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་དང་གཉའ་གནོན་ཡང་མྱོང་བཞིན་ཡོད་ཁར། དཔལ་འབྱོར་དང་རིག་གནས་ཧ་ཅང་རྗེས་ལུས་བཅས་ཡིན་སྟབས། ལམ་བུ་གང་ཞིག་བདམས་ན་གཞི་ནས་ཀྲུང་གོའི་གསར་བརྗེ་དེ་ཉིད་རྒྱལ་ཁའི་ཕྱོགས་སུ་འདྲེན་ཐུབ་པ་དེ་གནད་དོན་གཙོ་བོར་གྱུར་ཡོད་ལ། དེ་ཡང་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་དཀའ་གནད་ཅིག་ཀྱང་རེད། དེས་ན་ལོ་ན་ཕྲ་བའི་ཀྲུང་གོ་གུང་ཁྲན་ཏང་གིས་དུས་ཡུན་རིང་པོའི་ནང་དཀའ་སྤྱད་འཚོལ་ཞིབ་བྱས་པ་རེད།

    དང་པོ། དྲག་པོའི་འཐབ་རྩོད་ལ་བརྟེན་ནས་གོ་མིན་ཏང་གི་ལོག་སྤྱོད་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ་ཀྲུང་གོའི་གསར་བརྗེའི་དུས་རབས་གསར་པ་འགོ་བརྩམས་པ་རེད། གསར་བརྗེ་ཆེན་པོ་ཕམ་རྗེས་རྒྱལ་ཡོངས་འདི་ཉིད་དཀར་པོའི་འཇིགས་སྐུལ་གྱི་གནས་སུ་གྱར་བ་དང་། ཡ་ང་གདུག་རྩུབ་ཀྱི་འཐབ་རྩོད་དང་ཁྲག་འདོན་གྱི་བསླབ་བྱ་ལས། གསར་བརྗེའི་དྲག་ཤུགས་མེད་ན་དྲག་པོའི་གསར་བརྗེའི་ངོ་རྒོལ་ལས་རྣམ་པར་རྒྱལ་མི་ཐུབ་པ་ཏང་གིས་ངོས་འཛིན་གསལ་པོ་ཐུབ་ཡོད། 1927ལོའི་ཟླ་8ཚེས་1ཉིན། ནན་ཁྲང་འོས་ལངས་ཀྱིས་དྲག་ཤུགས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་ངོ་རྒོལ་བྱེད་པའི་མེ་མདའ་དང་པོ་བརྒྱབ་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་རང་ཚུགས་ངང་གསར་བརྗེའི་དམག་འཁྲུག་ལ་འགོ་ཁྲིད་དང་། མི་དམངས་དམག་དཔུང་གསར་འཛུགས། དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བཅས་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད། ཟླ་8ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཧུའུ་པེ་ཧན་ཁའུ་རུ་གསང་བའི་ཛ་དྲག་ཚོགས་འདུ་འཚོགས་ཏེ་བརྒྱད་བདུན་གྲོས་ཚོགས་འཚོགས་པ་དང་། གྲོས་ཚོགས་ཐོག་ས་ཞིང་གསར་བརྗེ་དང་དྲག་པོའི་འོས་ལངས་ཀྱི་མཛད་ཕྱོགས་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས། དེ་ནི་ཏང་གིས་ཁྲག་དྲོན་འབོར་ཆེན་བཏོན་རྗེས་ཐོབ་པའི་ཡང་དག་པའི་སྡོམ་ཚིག་ཅིག་རེད། བརྒྱད་བདུན་གྲོས་ཚོགས་ནི་ཁ་ཕྱོགས་སྒྱུར་མཚམས་ཤིག་ཡིན་ཞིང་། དེས་བསམ་བློ་ཟང་ཟིང་ཆེ་བ་དང་རྩ་འཛུགས་ཁ་ཐོར་དུ་གནས་པའི་ཀྲུང་གོ་གུང་ཁྲན་ཏང་ལ་འགྲོ་ལམ་གསར་པ་ཞིག་གསལ་སྟོན་བྱས་ཡོད། བརྒྱད་བདུན་གྲོས་ཚོགས་གྲོལ་རྗེས་ཏང་གིས་ལས་བྱེད་པ་མང་པོ་ས་གནས་ཁག་ཏུ་མངགས་ནས་ཏང་གི་རྩ་འཛུགས་སླར་གསོ་དང་བཅོས་སྒྲིག་བྱས་ཏེ་དྲག་པོའི་འོས་ལངས་བྱས། ནན་ཁྲང་འོས་ལངས་རྗེས་སུ་ཏང་གིས་སྟོན་བསྡུའི་འོས་ལངས་དང་། ཀོང་ཀྲོའུ་འོས་ལངས། ས་ཁུལ་གཞན་མང་པོའི་འོས་ལངས་བཅས་ཀྱི་འགོ་ཁྲིད་མོད། འོན་ཀྱང་དགྲ་བོ་དང་རང་ཕྱོགས་དབར་གྱི་སྟོབས་ཤུགས་ལ་ཧེ་བག་ཆེ་སྟབས་འོས་ལངས་དེ་དག་མང་ཆེ་བ་ཕམ་ཉེས་སུ་ཕྱིན་ཡོད། ལྟེ་བའི་གྲོང་ཁྱེར་དུ་གོ་མིན་ཏང་དམག་ཤེད་ཅན་གསར་པར་དྲག་པོའི་སྟོབས་ཤུགས་ཆེན་པོ་ཡོད་པའི་མདུན་དུ། ཀྲུང་གོ་གུང་ཁྲན་ཏང་མིས་ཨུ་རུ་སུའི་ཟླ་བ་བཅུ་པའི་གསར་བརྗེ་ལྟར་ཐོག་མར་ལྟེ་བའི་གྲོང་ཁྱེར་བཟུང་ནས་རྒྱལ་ཡོངས་སུ་གསར་བརྗེར་རྒྱལ་ཁ་ཐོབ་ཐབས་བྱས་ན་འགྲིག་ཐབས་མེད། ཏང་གི་ངོས་ནས་བརྗོད་ན་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་གསར་བརྗེའི་ལམ་བུ་ཞིག་འཚོལ་རྒྱུ་ནི་ཁ་ཚ་དགོས་གཏུག་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད།

    གཉིས་པ། གྲོང་ཁྱེར་ཆེན་པོར་ཚུར་རྒོལ་བྱེད་པ་ནས་གྲོང་གསེབ་ཏུ་དཔུང་འཇུག་བྱེད་པར་བསྒྱུར་བ་ནི་ཀྲུང་གོའི་གསར་བརྗེར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགོ་འཛུགས་ས་གསར་པ་ཞིག་རེད། གསར་བརྗེ་ཆེན་པོ་ཕམ་རྗེས། ཀྲུང་གོའི་གསར་བརྗེའི་ཡང་དག་པའི་ཁ་ཕྱོགས་གཅིག་སྡུད་ཐོག་མཚོན་པ་ནི་བློ་མཐུན་མའོ་ཙེ་ཏུང་དང་ཀྲུའུ་ཏེ་རྣམ་གཉིས་ཀྱིས་འགོ་ཁྲིད་གནང་བའི་ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་གནས་གཞིའི་འཐབ་རྩོད་དེ་རེད། སན་དབན་བཅོས་སྒྲིག་བྱས་རྗེས། བློ་མཐུན་མའོ་ཙེ་ཏུང་གིས་སྟོན་བསྡུའི་འོས་ལངས་དམག་དཔུང་ཁྲིད་དེ་ཐོག་མར་ཅིང་ཀང་ཧྲན་རི་བོར་ཕེབས་ནས་གསར་བརྗེའི་གནས་གཞི་བཙུགས། དེའི་རྒྱུ་མཚན་ནི། གཅིག་ནས་དེ་གར་མང་ཚོགས་ཀྱི་རྨང་གཞི་ཅུང་ལེགས་པས་གསར་བརྗེ་ཆེན་པོའི་སྐབས་སུ་ཧུའུ་ནན་དང་ཅང་ཤིས་འབྲེལ་མཚམས་ཁུལ་གྱི་རྫོང་ཁག་ཏུ་ཏང་གི་རྩ་འཛུགས་དང་ཞིང་པའི་མཐུན་ཚོགས་འཛུགས་མྱོང་བ་དང་། གཉིས་ནས་དེ་གའི་ཞིང་པའི་དྲག་ཤུགས་རྙིང་པ་ཁག་གཅིག་བཟོ་ཞིང་གསར་བརྗེའི་དམག་དཔུང་དང་མཉམ་འབྲེལ་བྱེད་འདོད་ཡོད་པ། གསུམ་ནས་ས་བབ་བཙན་པ་དང་འགོག་སྲུང་སླ་ཞིང་ཚུར་རྒོལ་བྱེད་དཀའ་བ། བཞི་ནས་མཐའ་འཁོར་གྱི་རྫོང་ཁག་ཏུ་རང་མཁོ་རང་འདང་གི་ཞིང་ལས་དཔལ་འབྱོར་ཡོད་པས་དཔུང་སྡེས་གྲོན་དངུལ་དང་འབྲུ་རིགས་གྲབས་གསོག་བྱེད་བདེ་བ། ལྔ་ནས་ས་ཆ་དེ་ཧུའུ་ནན་དང་ཅང་ཤིས་འབྲེལ་མཚམས་སུ་གནས་པས། གོ་མིན་ཏང་གི་དབང་སྒྱུར་ལྟེ་བ་དང་བར་ཐག་ཅུང་རིང་བ་དང་། ཧུའུ་ནན་དང་ཅང་ཤིས་ཞིང་ཆེན་གཉིས་ཀྱི་དམག་ཤེད་ཅན་དབར་འགལ་ཟླ་ཡོད་པས། ས་ཁུལ་དེར་ཚོད་འཛིན་བྱེད་པའི་སྟོབས་ཤུགས་ཅུང་ཞན་པ་བཅས་ཀྱིས་རེད། བློ་མཐུན་མའོ་ཙེ་ཏུང་གིས་དབང་སྒྱུར་གྲལ་རིམ་ནང་ཁུལ་དུ་གསར་དུ་ཁ་གྱེས་པའི་ཕན་ཡོད་གོ་སྐབས་དམ་འཛིན་གནང་ནས། ཅིང་ཀང་ཧྲན་རི་བོར་གྲོང་གསེབ་ཀྱི་གསར་བརྗེའི་གནས་གཞི་དང་པོ་དེ་བཙུགས་པ་རེད། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུལ་གྱི་གཤེད་མ་གཏོར་བ་དང་ས་ཞིང་བགོ་བཤའ་བརྒྱབ་སྟེ། ནུས་ཤུགས་ཡོད་རྒུས་ས་མཚམས་ཁུལ་གྱི་ཏང་དང་། དམག་དཔུང་། སྲིད་དབང་བཅས་འཛུགས་སྐྱོང་བྱས་པ་རེད། ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་གནས་གཞི་བཙུགས་པ་དེས་བཟོ་ཞིང་དྲག་ཆས་བཅད་བཟུང་བྱེད་པའི་མེ་སྟག་ཆུང་ངུ་སྤར་ནས། ཀྲུང་གོའི་གསར་བརྗེ་ཡི་གྲོང་གསེབ་ནས་གྲོང་ཁྱེར་སྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་སྔོན་རབས་པས་སྔར་སྐྱོད་མ་མྱོང་བའི་གསར་བརྗེའི་འགྲོ་ལམ་ཡང་དག་ཅིག་འཚོལ་ཞིབ་ཐུབ་ཡོད། འཐབ་རྩོད་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཏང་གིས་ཀྲུང་དབྱང་གི་གསར་བརྗེའི་གནས་གཞི་དང་ཧུའུ་ནན་དང་ཧུའུ་པེ། ཧའེ་ཧྥེང་དང་ལུའུ་ཧྥེང་། ཧུའུ་པེ་དང་ཧོ་ནན་ཨན་ཧུའེ་གསུམ། ཆུང་ཡ། ཧྥུའུ་ཅན་དང་ཀྲེ་ཅང་ཅང་ཤིས་གསུམ། ཧུའུ་ནན་དང་ཧུའུ་པེ་ཅང་ཤིས་གསུམ། ཧུའུ་ནན་དང་ཅང་ཤིས། ཙུའོ་ཡུའུ་གཙང་པོ། སི་ཁྲོན་དང་ཧྲའན་ཤིས། ཧྲའན་ཤིས་དང་ཀན་སུའུ། ཧུའུ་ནན་དང་ཧུའུ་པེ་སི་ཁྲོན་ཀུའེ་ཀྲོའུ་སོགས་གསར་བརྗེའི་གནས་གཞི་བཙུགས་ཡོད། གསར་བརྗེའི་གནས་གཞི་བཙུགས་པ་དང་འཕེལ་རྒྱས་བཏང་བ་དེ་ནི་དུས་སྐབས་དེའི་རིང་གི་གསར་བརྗེའི་དུས་བབ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་རེད།

    གསུམ་པ། གྲོང་གསེབ་ནས་གྲོང་ཁྱེར་སྐོར་བ་དང་དྲག་ཤུགས་སྤྱད་དེ་སྲིད་དབང་འཕྲོག་ལེན་བྱེད་པའི་ཡང་དག་པའི་གསར་བརྗེའི་ལམ་བུ་བཏོད་ཅིང་། བློ་མཐུན་མའོ་ཙེ་ཏུང་གིས་སྟོན་བསྡུའི་འོས་ལངས་དཔུང་སྡེ་ཁྲིད་དེ་ཅིང་ཀང་ཧྲན་རི་བོར་བསྐྱོད་རྗེས། ཀྲུང་གོའི་གསར་བརྗེའི་དོན་དངོས་ལ་གཞིགས་ནས། ཞིང་ལས་དཔལ་འབྱོར་གཙོ་བོར་འཛིན་པའི་ཀྲུང་གོའི་གསར་བརྗེ་དང་དམག་དོན་ལ་བརྟེན་ནས་དྲག་པོའི་གྱེན་ལངས་བྱེད་པ་ནི་ཁྱད་ཆོས་ཤིག་ཡིན་པ་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་བཤད་གནང་བ་དང་། གསར་བརྗེའི་སྲིད་དབང་ཡུན་རིང་གནས་ཐུབ་པ་དང་འཕེལ་རྒྱས་གཏོང་ཐུབ་པའི་རང་ངོས་དང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ། བཟོ་ཞིང་དྲག་ཤུགས་ལ་བརྟེན་ནས་བཅད་བཟུང་བྱེད་པའི་དགོངས་པ་བཏོན་གནང་ཡོད། ཁོང་གིས《མེ་སྟག་ཆུང་ཡང་རི་བོ་འཚེག》ཅེས་པའི་རྩོམ་ཡིག་ནང་བསྟན་དོན། དམར་དམག་དང་། ངེས་མེད་རྒོལ་རྡུང་རུ་ཁག གསར་བརྗེའི་ས་ཁོངས་བཅས་བཙུགས་པ་དང་འཕེལ་རྒྱས་བཏང་བ་དེ་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་མཐོ་རླབས་སྐུལ་སྤེལ་བྱེད་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཡིན་པ་དེ་ལས་གྲོང་གསེབ་ནས་གྲོང་ཁྱེར་སྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་བསམ་བློ་གྲུབ་ཡོད། དེ་ནི་གསར་བརྗེ་ཆེན་པོ་ཕམ་ཉེས་བྱུང་རྗེས་ཏང་གིས་དམར་དམག་དང་གནས་གཞིར་འགོ་ཁྲིད་བྱས་པའི་འཐབ་རྩོད་ཀྱི་ཉམས་མྱོང་སྙིང་བསྡུས་བྱས་པ་ཞིག་དང་། ཀྲུང་གོར་མར་ཁེ་སིའི་རིང་ལུགས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཀོལ་སྤྱོད་དང་འཕེལ་རྒྱས་བཏང་བ་ཞིག་རེད། དེ་ནི་གྲོང་གསེབ་ཀྱིས་གྲོང་ཁྱེར་སྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་ལམ་བུ་སྟེ། དང་ཐོག་ངེས་པར་དུ་གྲོང་གསེབ་ཏུ་གསར་བརྗེའི་གནས་གཞི་བཙུགས་ནས་གསར་བརྗེའི་སྟོབས་ཤུགས་བསགས་ཏེ་ཆ་རྐྱེན་འཛོམས་སྐབས་གྲོང་ཁྱེར་འཕྲོག་ལེན་གྱིས་མཐར་རྒྱལ་ཡོངས་ཀྱི་གསར་བརྗེར་རྒྱལ་ཁ་ལེན་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ཐུན་མོང་མ་ཡིན་པའི་འགྲོ་ལམ་དེ་བརྒྱུད་ནས་ཀྲུང་གོའི་གསར་བརྗེར་རིམ་བཞིན་རྒྱལ་ཁ་ལེན་པར་ཁྲིད་སྟོན་བྱས་ཡོད། ཀྲུང་གོའི་དོན་དངོས་དང་མཐུན་པའི་གསར་བརྗེའི་འགྲོ་ལམ་ཡང་དག་པ་འདི་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཐུན་མོང་འབད་འཐབ་བྱེད་པའི་ཁྲོད་གསར་གཏོད་བྱས་པ་ཞིག་རེད། དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས་མཚོན་བྱེད་དུ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་སྐབས་དེའི་ཏང་ནང་གི་མི་ཁ་ཤས་ཀྱི་གཡས་ལྷུང་སྐྱོ་སྣང་གི་བསམ་བློ་དང་ལྷག་པར་དུ“གཡོན”ལྷུང་ལུང་འཛིན་རིང་ལུགས་ཀྱི་ནོར་འཁྲུལ་གྱི་ཕྱོགས་ལྷུང་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་གྲུབ་པ་ཞིག་རེད། བརྒྱུད་རིམ་འདིའི་ནང་བློ་མཐུན་མའོ་ཙེ་ཏུང་གིས་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་གནང་ཡོད། ཁོང་གིས་ལག་ལེན་ཁྲོད་དུ་ཐོག་མར་དྲག་པོའི་འཐབ་རྩོད་ཀྱི་གཞི་ཚུགས་ས་དེ་གྲོང་གསེབ་ཏུ་བཞག་པ་དང་། ཅིང་ཀང་ཧྲན་རི་བོའི་གསར་བརྗེའི་གནས་གཞི་འགོ་ཁྲིད་དེ་གསར་འཛུགས་གནང་ནས། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གྲོང་གསེབ་ཀྱི་གསར་བརྗེའི་གནས་གཞི་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་རྩ་བའི་གནད་དོན་རབ་དང་རིམ་པ་ཐག་གཅོད་གནང་བ་མ་ཟད། རིགས་པའི་གཞུང་ལུགས་བརྒྱུད་ཀྲུང་གོའི་གསར་བརྗེའི་འགྲོ་ལམ་གྱི་གནད་དོན་རིམ་བཞིན་གསལ་བཤད་གནང་ཡོད། བློ་མཐུན་མའོ་ཙེ་ཏུང་གིས《དཔེ་དེབ་རིང་ལུགས་ལ་ངོ་རྒོལ་བྱེད་པ》ཞེས་པའི་གསུང་རྩོམ་ནང་། མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས་དང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པའི་ཧ་ཅང་གལ་ཆེའི་རང་བཞིན་གསལ་བཤད་གཏིང་ཟབ་གནང་ནས། “མར་ཁེ་སིའི་རིང་ལུགས་ཀྱི‘དཔེ་དེབ’ལ་སློབ་སྦྱོང་བྱེད་དགོས་མོད། འོན་ཀྱང་ངེས་པར་དུ་རང་རྒྱལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱེད་དགོས”ཞེས་བསྟན་གནང་བ་དང་། “བརྟག་དཔྱད་མ་བྱས་ན་སྐད་ཆ་ཤོད་དབང་མེད”ཅེས་པ་དང“ཀྲུང་གོའི་གསར་བརྗེའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་ཀྲུང་གོའི་བློ་མཐུན་གྱིས་ཀྲུང་གོའི་གནས་ཚུལ་ཤེས་རྟོགས་བྱེད་པར་བརྟེན་དགོས”ཞེས་པའི་དགོངས་པ་གལ་ཆེན་བཏོན་གནང་བ་དེ་ལས་ཀྲུང་གོའི་དམིགས་བསལ་གྱི་རྒྱལ་བབ་ལ་དམིགས་ཏེ། མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་ན་གཞི་ནས་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པར་ཁྲིད་སྟོན་བྱེད་པའི་འགྲོ་ལམ་ཡང་དག་པ་རྙེད་ཐུབ་པར་གསར་བརྗེའི་འཐབ་རྩོད་ཀྱི་ལག་ལེན་ཁྲོད་ཏང་ལ་ངོས་འཛིན་གཏིང་ཟབ་བྱུང་བ་གསལ་བཤད་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།