ཟླ་གསུམ་པར་བོད་བྱང་ཐང་དུ་སྔར་བཞིན་གྲང་ངར་ཆེ་བ་དང་། དཔལ་མགོན་རྫོང་གི་གྲོང་ཚོ་ཁག་གི་མཉམ་སྡེབ་དཔལ་འབྱོར་ཁུལ་དུ་སྔར་རྒྱུན་བཞིན་ཧ་ཅང་འཁྲུག་ཆ་དོད།
ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ཡོང་བའི་རྨང་གཞི་ཡིན། ཉེ་བའི་ལོ་ཤས་རིང་དཔལ་མགོན་རྫོང་གིས་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མཉམ་ལས་ཁང་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ཏང་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ”དེ“དམངས་ཕྱུག་གི་སྒུལ་ཤུགས”སུ་ཏན་ཏིག་འགྱུར་བར་བྱས་པ་རེད།
མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་སུ་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་རྡོལ་རྒས་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་། གྲོང་ཚོའི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་1400ལས་ཟིན་གྱི་མེད། 2012ལོའི་ཟླ་6ཚེས་15ཉིན་ཕུར་བུ་གྲོང་རྡལ་རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། གྲོང་ཚོ་ཧྲིལ་པོའི་དུད་ཚང་108ཀྱི་མི་408ཀྱིས་སྒོ་ཕྱུགས་དང་ངལ་ནུས་མ་རྐང་ལ་ཞུགས་པའི་ཐོག་ནས་ཚང་མ་མཉམ་ལས་ཁང་དུ་ཞུགས་པ་རེད།
ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་འདི་ཉིད་འབྲོག་ལས་གཙོ་བོར་བྱས་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ས་ཚིགས་དང་། དཔལ་མགོན་རྫོང་གི་ཚད་ལྡན་ཅན་རྒྱགས་གསོའི་རྟེན་གཞི། དེ་བཞིན་མགྲོན་ཁང་དང་། ཇ་ཁང་། བརྒྱ་ཟོག་ཚོང་ཁང་། མི་རིགས་ལག་ཤེས་འཚེམ་ལས་རྟེན་གཞི་སོགས་ཐོན་ལས་སྣ་མང་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་མཉམ་ལས་ཁང་ཞིག་ཆགས་ཡོད།
2021ལོར་རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་གི་ཡོང་འབབ་བསྡོམས་སྒོར་ཁྲི་700ལྷག་ཙམ་ཟིན་པ་དང་། ཁེ་གཙང་ཡོང་འབབ་སྒོར་ཁྲི་530ཟིན་པ། སྒོར་ཁྲི་230བགོ་འགྲེམ་བརྒྱབ་པ། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་13680ཟིན་པ། དེའི་ཁྲོད་དངུལ་སྨར་ཡོང་འབབ་སྒོར་7524ཟིན་པ་བཅས་རེད།
མཉམ་ལས་ཁང་ལ་མ་ཞུགས་གོང་། གྲོང་མི་ཐར་པའི་ཁྱིམ་གྱི་ནང་མི་བཞིའི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་ནི་འབྲོག་ལས་ཡིན་པ་དང་། ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་700ཙམ་ལས་ཟིན་གྱི་མེད། མཉམ་ལས་ཁང་དུ་ཞུགས་རྗེས་ཐར་པས་རང་ཁྱིམ་གྱི་རྩྭ་ར་མུའུ་2919དང་། འབྲི་གཡག་མགོ་གྲངས་10 ལུག་མགོ་གྲངས་100 རྟ་1སོགས་ཀྱི་རྒྱུ་ནོར་མ་རྐང་དུ་བྱས་ནས་མཉམ་ལས་ཁང་ནང་ཞུགས་པ་དང་། 2021ལོར་ཐར་པའི་ཁྱིམ་ལ་ཡོང་འབབ་བསྡོམས་སྒོར་ཁྲི་7ལྷག་ཙམ་བྱུང་ཡོད། ཐར་པས“གྲོང་ཚོ་ཏང་ཀྲི་པུའི་རོགས་རམ་ཡོད་པས་ད་ཆ་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང”ཞེས་མཉམ་ལས་ཁང་ཡག་པོ་ཡོད་ལུགས་སྐོར་ལ་དགའ་སྣང་གནོན་མི་ཐུབ་པར་བརྗོད།
“འདི་ལོ་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་པ་ཡོང་བ་བྱེད་རྒྱུ་ཡིན”ཞེས་རྡོལ་རྒས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསམ་གྲུབ་དར་རྒྱས་ཀྱིས་གསར་འགོད་པར་བརྗོད་བྱུང་།
རྡོལ་རྒས་གྲོང་ཚོ་དང་འདྲ་བར་ཕུར་བུ་གྲོང་རྡལ་གྱི་གཞུང་སྟོད་གྲོང་ཚོ་ཡང་ཏང་འཛུགས་སྐྱོང་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། གཞུང་སྟོད་གྲོང་ཚོའི་དགུན་གསུམ་འབྲོག་པའི་མཉམ་ལས་ཁང་ནི་2017ལོའི་ཟླ་10པར་བཙུགས་པ་དང་ཡུལ་མི་ཚང་མ་དེའི་ནང་ཞུགས་ཡོད། གཙོ་བོ་འབྲོག་ཟོག་ལས་སྣོན་དང་། བརྒྱ་ཟོག མི་རིགས་ལག་ཤེས་ཐོན་རྫས་སོགས་ཚོང་གཉེར་བྱེད་ཀྱི་ཡོད། 2021ལོར་ཡོང་འབབ་སྒོར་ཁྲི་714དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་11171ཟིན་ཞིང་། དེའི་ནང་དངུལ་སྨར་སྒོར་ཁྲི་145བགོ་འགྲེམ་བརྒྱབ་ཡོད།
ད་ཆ་ཏང་ཀྲི་པུས་ཆེད་ལས་མཉམ་ལས་ཁང་དཔལ་མགོན་རྫོང་དུ་བཙུགས་ནས་འཕེལ་རྒྱས་གཏོང་རོགས་བྱས་ཡོད། ཀྲི་པུས་སྣེ་ཁྲིད་ནས་ལས་དོན་སྤེལ་བ་དང་མང་ཚོགས་དེའི་ནང་མཉམ་དུ་ཞུགས་ཏེ། ཐོན་ཁུངས་མང་པོ་དར་རྒྱས་དང་མང་ཚོགས་ཀྱི་སྟོབས་ཤུགས་སྔར་བས་གཅིག་སྡུད་ཡོང་བར་བྱས་པས་གྲོང་ཚོ་རེ་རེ་ལས་གསོན་ཤུགས་གསར་པ་མངོན་པ་དང་ཏང་འཛུགས་སྐྱོང་གིས་མཉམ་ལས་ཁང་ལ་སྣེ་ཁྲིད་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་མངོན་བཞིན་ཡོད།