དབུ་ཤོག>ཆེད་སྒྲིག
  • དམིགས་བསལ་ཉིན་མོའི་དམིགས་བསལ་གྱི་དྲན་གསོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-03-31

    ཟླ་3ཚེས་28ཉིན་ནི་ཞིང་བྲན་གྱི་མི་རབས་རྗེས་མ་བུ་ཚེ་རིང་དང་བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཁྲི་364ལྷག་ཙམ་གྱི་ངོས་ནས་བརྗོད་ན་དོན་སྙིང་ལྷག་པར་ཆེ་བའི་ཉིན་མོ་ཞིག་རེད། ཞོགས་པ་སྔ་པོ་ནས་བུ་ཚེ་རིང་གིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ཡོང་ནས། ལྟ་སྐོར་བར་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་བོད་རྙིང་པའི་མུན་ནག་གི་ལོ་རྒྱུས་བརྗོད་བཞིན་ཉིན་གཅིག་གི་འོས་འགན་འགྲེལ་བཤད་རྒྱག་པའི་ལས་ཀ་འགོ་ཚུགས།

    བུ་ཚེ་རིང་གིས“མུན་ནག་གི་ལོ་རྒྱུས་དུམ་བུ་དེ་ང་ཚོས་ངེས་པར་དུ་སེམས་ལ་བརྟན་པོ་ངེས་དགོས། ལོ་རྒྱུས་དེ་དག་མི་དེ་བས་མང་བས་ཤེས་རྟོགས་ཐུབ་པ་བྱས་ནས་ཚང་མས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་ཞེས་བསླབ་བྱ་བྱེད་པའི་འགན་འཁྲི་ང་ལ་ཡོད”ཅེས་བརྗོད་པ་དང་། 2021ལོའི་ཟླ་7པ་ནས་བཟུང་ཁོང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་འོས་འགན་འགྲེལ་བཤད་རྒྱག་པའི་ལས་ཀ་བྱེད་འགོ་ཚུགས།

    སྨི་ངོས་གྲུ་2700ཟིན་པའི་འགྲེམས་ཁང་ནང་བོད་རྙིང་པར་ཁྲལ་རིགས་སྣ་ཚོགས་བསྡུ་བའི་བརྐོས་བརྙན་ཡོད་ལ། བོད་རྙིང་པར་ཞིང་བྲན་བཙོན་ཁང་ནང་བཅུག་ནས་མནར་གཅོད་དྲག་པོ་གཏོང་བའི་ཡ་ང་བའི་རྣམ་པ་ཡང་འགྲེམས་སྟོན་བྱས་ཡོད།

    འདི་ལོ་ལོ་78ལ་སླེབས་པའི་བུ་ཚེ་རིང་ནི་ཞིང་བྲན་གྱི་བུ་ཕྲུག་ཅིག་རེད། ཁོང་གིས“ངའི་པཱ་ལགས་ནི་ཁྲལ་པ་དང་ཨ་མ་ལགས་ནི་དུད་ཆུང་རེད། དེ་འདྲའི་མུན་ནག་གི་འཚོ་བའི་ཁྲོད་ཕ་མ་གཉིས་ཀྱིས་ད་དུང་ངར་གཞུང་དྲང་གི་མི་ཞིག་བྱེད་དགོས་ལུགས་བསླབ་བྱ་གནང་གི་ཡོད”ཅེས་བརྗོད།

    བོད་རྙིང་པའི་སྐབས་ཀྱི་ཞིང་བྲན་ལ་ཁྲལ་པ་དང་། དུད་ཆུང་། ནང་བཟན་བཅས་གསུམ་ལ་དབྱེ་ཡོད། བྲན་གཡོག་ལམ་ལུགས་མིང་གི་ལྷག་མ་ཙམ་དུ་གྱུར་ལ་ཉེ་བའི་དུས་རབས་20པའི་དུས་དཀྱིལ་དུ། གདུག་རྩུབ་ཆེ་བའི་ཞིང་བྲན་ལམ་ལུགས་ཀྱི་མཁར་རྫོང་ད་དུང་ཀྲུང་གོའི་བོད་ལྗོངས་སུ་གནས་ཡོད། སྐབས་དེ་དུས་མི་འབོར་གྱི་5%ཡང་བཟུང་མེད་པའི“མངའ་བདག་ཆེན་པོ་གསུམ”(བོད་ས་གནས་སྲིད་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་པ)གྱིས་བོད་ཀྱི་རྒྱུ་ནོར་མང་ཆེ་བ་བདག་གིར་བཟུང་བ་དང་། མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་རྣམས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པར་འཆི་ཁའི་འཕག་འཚག་རྒྱག་བཞིན་ཡོད།

    1959ལོའི་ཟླ་3ཚེས་28ཉིན་གངས་ལྗོངས་ས་མཐོར་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཟོས་པ་དང་། བོད་ཀྱི་མི་དམངས་རྣམས་དཀའ་སྡུག་ཚད་མེད་མྱོང་བའི་ལོ་རྒྱུས་གཞི་ནས་མཇུག་འགྲིལ་ཏེ་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་རང་ལུས་རང་དབང་གི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    “ཕ་མ་ཞིང་བྲན་ཡིན་པ་དང་སྐབས་དེ་དུས་མིའི་སྟོང་ལ་དྲེས་ཐག་གཅིག་ལས་རི་གི་མེད། མ་གཞི་ཁྱིམ་ཚང་གི་འཚོ་བ་ཧ་ཅང་ཉམས་ཐག་ཡིན་ཡང་ཕ་མ་གཉིས་པོས་ངར་དཔྲལ་བའི་མིག་བཞིན་བྱམས་སྐྱོང་གནང་གི་ཡོད”ཅེས་བུ་ཚེ་རིང་གིས་བརྗོད། 1954ལོའི་དབྱར་ཁར་བུ་ཚེ་རིང་སྡོད་སར་ལོ་བརྒྱར་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་བ་དང་། སྐབས་དེ་དུས་བུ་ཚེ་རིང་གར་སོང་ཆ་མེད་དུ་གྱུར་པས་པཱ་ལགས་ཀྱིས་སྲོག་ཉེན་ལ་མ་འཛེམས་པར་གང་སར་བཙལ་ནས་རྙེད་མ་ཐག་པང་ཁར་བཏབ།

    “པང་ཁར་དམ་པོར་ཉར་བས་དབུགས་ཀྱང་གཏོང་དཀའ་བའི་ཚོར་སྣང་བྱུང་། ངས་ཕྱིར་ལྕི་བ་སྒྲུག་པར་ཕྱིན་ཡང་པཱ་ལགས་ཀྱིས་ཕྱག་འཇུག་གནང་བས་སེམས་སྐྱོ་པོ་བྱུང”བུ་ཚེ་རིང་གིས་སྔར་སོང་གི་ལོ་ཟླར་དྲན་གསོ་བྱེད་བཞིན་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་བརྗོད། ཁོང་གིས་ཞྭ་མོ་ཕུད་སྐབས་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་པའི་སྐྲ་ཡང་རྔུལ་ནག་གིས་འཚོས་འདུག “ད་ཆ་ངས་པཱ་ལགས་ཀྱིས་ངར་ཕྱག་འཇུག་གནང་དོན་གང་ཡིན་པ་ཤེས་བྱུང”ཞེས་བརྗོད།

    1956ལོར་ལོ་12ལ་སླེབས་པའི་བུ་ཚེ་རིང་བཅིངས་འགྲོལ་དམག་དང་གློག་ཁང་གི་འཕྲིན་སྐྱེལ་བ་ཡིན། ཁྲལ་པ་ཡིན་པའི་པཱ་ལགས་ཀྱིས་བུ་ཚེ་རིང་ལ་གཞུང་དྲང་གི་མི་ཞིག་བྱེད་དགོས་པ་དང་། འཕྲིན་ཡིག་དེ་དག་གསང་བ་ཡིན་པས་རང་ཉིད་ཚུད་པའི་མི་སུ་ཞིག་ལ་ཡང་ལྟ་རུ་འཇུག་མི་རུང་ཞེས་གསུངས་ཀྱི་ཡོད།

    པཱ་ལགས་ཀྱི་བསླབ་བྱ་ནན་པོའི་འོག་བུ་ཚེ་རིང་རིམ་བཞིན་འཚར་ལོངས་བྱུང་བ་དང་བོད་གསར་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་ཕྱིས་སུ་སྐད་སྒྱུར་བ་ཞིག་བྱས།

    “སླར་ཡང་དྲོ་སྐྱིད་ལྡན་པའི་དཔྱིད་ཀ་ཤར། ལོ་63ཕར་ལ་འདས་ཤིང་ད་ཆའི་བོད་ལྗོངས་དང་བོད་རྙིང་པའི་དབར་གནམ་ས་འཛོལ་བའི་ཧེ་བག་ཡོད”ཅེས་བུ་ཚེ་རིང་གིས་བརྗོད། བུ་ཚེ་རིང་ལོ་བདུན་ཅུར་སླེབས་རུང་། མ་འོངས་ཀྱི་འཚོ་བར་སྔར་བཞིན་རེ་བས་ཁེངས་ཡོད། ད་དུང་ཁོང་གིས“རྒན་ཡོལ་ཞུས་ནའང་ངའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོད། ངས་ད་དུང་མུ་མཐུད་སྤྱི་ཚོགས་ལ་དོན་སྙིང་ལྡན་པའི་ལས་ཀ་ཁག་གཅིག་སྒྲུབ་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།