ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར་སྐྱོད་སྐབས། དེ་གར་ཡུལ་མིའི་བོད་བཟོའི་ཁང་པ་ཡངས་ཤིང་རྒྱ་ཆེ་ལ་གྲོང་ཚོའི་ལམ་གཡས་གཡོན་གཉིས་སུ་སྟར་དུ་ཆགས་པ་མ་ཟད། ཉེ་འཁོར་གྱི་ཁོར་ཡུག་གཙང་ལ་མིག་ལ་མཛེས་པ་ཞིག་འདུག “དེ་སྔོན་ཡུལ་མི་ཚོས་སྒོ་ཕྱུགས་གང་སར་གློད་ཀྱི་ཡོད། གྲོང་ཚོའི་ནང་སྒོ་ཕྱུགས་ཀྱི་ལྕི་བ་དང་ཕག་བྲུན་དང་བྱ་བྲུན། སྦྲང་བུ། གད་སྙིགས་བཅས་མང་པོ་ཡོད་པས་ཐག་རིང་ས་ནས་ཀྱང་དྲི་ངན་ཁ་གི་འདུག ད་ཆ་དུད་ཚང་མི་རེ་ངོ་རེས་ས་ཆ་ཞིག་ཆེད་མངགས་བཅད་ནས་ཁྱིམ་བྱ་དང་སྒོ་ཕྱུགས་གསོ་ཡི་ཡོད། གྲོང་ཚོར་ད་དུང་གད་སྙིགས་བཤོ་ས་བཟོས་ཡོད་ལ་འགྲོ་ལམ་དུ་གད་པའང་ཡོད་པས། གྲོང་ཚོའི་གཙང་སྦྲ་དོད་དུ་སོང་འདུག”ཅེས་ལྗང་གྲོང་ཚོའི་གྲོང་མི་ཆུང་བག་གྲོས་མྱོང་ཚོར་ཟབ་མོས་བརྗོད།
གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱས་ནས་མཛེས་སྡུག་ལྡན་པ་དང་། སྡོད་མལ་ལ་འཚམ་པ། ལས་གཏོད་ལ་འཚམ་པ་བཅས་ཀྱི་གྲོང་གསེབ་གང་མགྱོགས་བསྐྲུན་རྒྱུ་དེ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུའི་ལས་འགན་གལ་ཆེན་ཞིག་རེད། ན་ནིང་ནས་བཟུང་རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་གྲོང་གསེབ་དར་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཤིང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཧུར་ཐག་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་མཐོར་གཏོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་བྱས་པས་ཞིང་འབྲོག་ཁུལ་གྱི་གང་ས་གང་དུ་མཛེས་ལྗོངས་ཀྱིས་ཁེངས་ཡོད།
གྲོང་གསེབ་ཀྱི་ཁྱིམ་སྤྱོད་གསང་སྤྱོད་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རིང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། གྲོང་གསེབ་ཀྱི་ཁྱིམ་སྤྱོད་གསང་སྤྱོད་ཁྲི་4.66གསར་དུ་སྒྱུར་བཀོད་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཁྱིམ་སྤྱོད་གསང་སྤྱོད་བསྡོམས་འབོར་ཁྲི་31.66ཟིན་པ། ཁྱབ་གདལ་གཏོང་ཚད་58%ཟིན་ཡོད། གྲོང་གསེབ་ཀྱི་ཁྱིམ་སྤྱོད་གསང་སྤྱོད་ཀྱི་གནད་དོན་ལེབ་བཤེར་དང་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ཞིང་། གསང་སྤྱོད་3291བཅོས་སྒྲིག་ཟིན་པ་དང་། མི་ཕྱུགས་གཉིས་ཀྱི་བཙོག་གཅིན་བཅོས་སྒྲིག་ནུས་ལྡན་ཐུབ་པ། ཞིང་འབྲོག་པའི་གསང་སྤྱོད་ཀྱི་འདུ་ཤེས་དང་བདག་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་སོང་ཡོད།
གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་ཐད། ལྗོངས་ཡོངས་ཀྱི་གྲོང་ཚོ་163.1གིས་གད་སྙིགས་རིགས་དབྱེ་བ་དང་། གད་སྙིགས་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང་117བཙུགས་པ། གྲོང་ཚོ་5283ལ་གད་སྙིགས་གཅིག་སྡུད་བསྡུ་ལེན་ས་ཚིགས་ཡོད་པ། གྲོང་ཚོ་2080ལ་བསྡུ་འདྲེན་གྱི་མ་ལག་བཙུགས་པ། གྲོང་ཚོ་479ལ་གཅིག་སྡུད་རྣམ་པ་དང་ཁ་ཐོར་རྣམ་པ་སོགས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་གི་སྒྲིག་བཀོད་བསྐྲུན་པ། གྲོང་ཚོ་1749ཡི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གང་བྱུང་དུ་གཡུག་པ་དང་བཙོག་ཆུ་གང་བྱུང་དུ་འབུད་པའི་སྣང་ཚུལ་དོ་དམ་ཚོད་འཛིན་ཐུབ་ནས་གྲོང་ཚོའི་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད།
གྲོང་ཚོའི་རྣམ་པ་ལེགས་གཏོང་ཐད། རང་ལྗོངས་ཀྱིས་མཛེས་སྡུག་དང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ། རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་155འཛུགས་གཏོད་བྱས་པ་དང་། “འགྲམ་བཞིའི”ཤིང་འཛུགས་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས་ལྕང་སོན་རྐང་ཁྲི་493བཙུགས་པ། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་གྲོང་ཚོ་སྔོ་ལྗང་མཛེས་སྒྱུར་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཡང་ཇེ་ཡངས་སུ་སོང་ཡོད།
མིས་ཁོར་ཡུག་སྒྱུར་བཀོད་བྱེད་པ་དང་དུས་མཚུངས་སུ་ཁོར་ཡུག་གི་ཤུགས་རྐྱེན་ཡང་མི་ལ་ཐེབས་ཀྱི་ཡོད། ཁོར་ཡུག་བཅོས་སྒྲིག་གི་བརྒྱུད་རིམ་སྐོར་གླེང་སྐབས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་འབོད་སྣང་སྡེ་ཁུལ་གྱི་བུད་མེད་ཀྲུའུ་རེན་མཚམས་གཅོད་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། “དེ་སྔ་གྲོང་ཚོའི་ནང་འཛུགས་སྐྲུན་གང་བྱུང་བྱེད་པ་དང་འགྲོ་ལམ་གང་བྱུང་བཟུང་བའི་སྣང་ཚུལ་མང་པོ་མཐོང་རྒྱུ་ཡོད། བཅོས་སྒྲིག་བྱེད་མ་ཐག་གི་དུས་སུ་རྒྱབ་འགལ་བྱེད་མཁན་མི་ཉུང་བ་ཞིག་བྱུང་སོང་། ད་ཆ་ཚང་མས་གད་སྙིགས་མཐོང་དུས་རང་འགུལ་ངང་སྒྲུག་གི་འདུག རང་ཉིད་ཀྱི་གཟུགས་བརྙན་ལ་སྣང་ཆེན་བྱེད་པ་ལྟར་ཁོར་ཡུག་འཕྲོད་བསྟེན་ལའང་མཐོང་ཆེན་བྱེད་ཀྱི་འདུག” ད་ཆ་གྲོང་ཚོ་གཙང་སྦྲ་དང་ལྡན་པར་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩི་བའི་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྔ་ས་ནས་མི་སེམས་སུ་གཏིང་ཟབ་ཟུག་ཅིང་། གྲོང་ཚོ་མང་ཆེ་བས་གྲོང་ཚོ་གཙང་སྦྲ་དང་ལྡན་པར་བྱ་རྒྱུའི་ལས་འགན་དེ་རྒྱུན་རྣམ་ཅན་གྱི་ལས་དོན་ལ་བརྩིས་པས་གྲོང་ཚོའི་རྣམ་པ་ཡག་ཏུ་སོང་བ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཡང་ཆེ་རུ་ཕྱིན་ཡོད།