དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-29

    དཔྱིད་ཀྱི་ཉམས་མདངས་རིམ་བཞིན་མངོན། རྣམ་པ་གསར་པ་གསར་རྐྱང་གྱུར། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་བརྗེད་པར་དཀའ་བའི་དྲན་ཤེས་ཟབ་མོ་འགའ་ཞིག་ཡོད་ལ། རྟག་ཏུ་བློ་ལ་ངེས་པའི་མྱོང་བ་ཟབ་མོ་འགའ་ཞིག་ཀྱང་ཡོད། ལོ་63གོང་གི་དེ་རིང་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་འགོ་ཁྲིད་བྱས་ཏེ། ཚ་ཚ་འུར་འུར་ངང་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། “མངའ་བདག་ཆེན་པོ་གསུམ”གྱི་མུན་ནག་གི་དབང་སྒྱུར་རྦད་དེ་རྩ་སློག་བཏང་བ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བ། གངས་ལྗོངས་ས་མཐོར་དུས་དེ་ནས་བཟུང་ཤོག་ལྷེ་གསར་རྐྱང་ཞིག་འབྱེད་འགོ་ཚུགས་ནས་ཞིང་བྲན་ཁྲི་ཚོ་བརྒྱ་རྒྱལ་ཁབ་དང་། བོད་ལྗོངས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོ་ངོ་མར་གྱུར་ཡོད།

    དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཁྱབ་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། དུས་དེ་ནས་བཟུང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདག་པོའི་རྣམ་འགྱུར་ཐོག་ནས་དར་དམར་འོག་ཏུ་ལངས་ཏེ། ཏང་གི་ཉི་འོད་དང་སྦྲང་ཆར་ལོངས་སུ་སྤྱད་པ་དང་། མེས་རྒྱལ་གྱི་དྲོ་སྐྱིད་ལྡན་པའི་པང་དུ་འཚོ་བ་བསྐྱལ་བ། རང་ཁྱིམ་རང་བདག་གི་དུས་རབས་གསར་པ་བསུས་པ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད། ལོ་63གྱི་ལོ་རྒྱུས་འཕོ་འགྱུར་ཆེན་པོ་དེས་གངས་ལྗོངས་ས་མཐོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་མཛད་རྗེས་རྡོ་རིང་ཆེན་པོ་བཙུགས་ཤིང་། བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་གཏོད་འགོ་ཚུགས་ཡོད།

    བརྗིད་ཉམས་ཆེ་བའི་གངས་རིས་འཕོ་འགྱུར་ཆེན་པོའི་དཔང་པོ་བྱེད། མཛེས་སྡུག་ལྡན་པའི་ས་མཐོར་སྐྱེ་སྟོབས་ཀྱི་གསོན་ཤུགས་རབ་ཏུ་རྒྱས། ལོ་63རིང་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་གནམ་འཐབ་ས་འཛིང་བྱས་ནས་གནམ་ས་གསར་པ་བརྗེས་ཏེ། བོད་རང་སྐྱོང་ལྗོངས་བཙུགས་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། དུས་རབས་གསར་པར་སླེབས་ནས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གཅིག་རྗེས་གཉིས་མཐུད་ངང་བཏོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་དང་། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ། སྐུ་ངོ་མས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ། 

    བྱ་སྤྱོད་ཀྱི་རྩ་འཛིན་བཟོས་གནང་བ་དང་བརྗིད་ཆེའི་འཆར་གཞི་བཀོད་གནང་སྟེ། བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་གནང་ཡོད། ད་ཆ་འཛམ་གླིང་ཡང་རྩེའི་གནའ་ཉམས་དོད་ལ་ངོ་མཚར་ཆེ་བའི་ས་གཞི་འདི་ནས་མཛེས་སྡུག་ལྡན་པ་དང་། བརྗིད་ཉམས་ཆེ་བ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཞིང་། མི་རིགས་ཁག་གི་མི་དམངས་ཀྱིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཏེ། བློ་སྟོབས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གསེར་མདོག་ཅན་གྱི་ལམ་ཆེན་དུ་སྐྱོད་བཞིན་ཡོད།

    ལེ་དབར་ཁྲི་ཕྲག་འགྲིམ་ནའང་བརྒྱུད་པའི་ལམ་བུ་ནམ་ཡང་བརྗེད་མི་རུང་། ཆུ་འཐུང་དུས་ཆུ་འགོ་དྲན་པ་བཞིན་ཏང་གི་བཀའ་དྲིན་ཡིད་ལ་འཆང་། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ། ད་ཆའི་བོད་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དེ་བས་ཀྱང་མེད་པ་བཅས་ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་ཡང་ཡང་ཐུབ་པ་མ་ཟད། འབྱུང་འགྱུར་མུ་མཐུད་ར་འཕྲོད་ཐུབ་ངེས་ཀྱང་རེད། བོད་ཀྱི་མདུན་ལམ་དང་ལས་དབང་རླབས་ཆེན་མེས་རྒྱལ་དང་དམ་པོར་སྦྲེལ་ཡོད་ལ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཡང་མེས་རྒྱལ་གྱི་བརྟན་ལྷིང་དར་རྒྱས་དང་ཁ་འབྲལ་ཐབས་མེད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཚེ། བོད་ལ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་རེད།

    སྤྱི་ཚོགས་གསར་རྙིང་འཕོ་འགྱུར་རླབས་པོ་ཆེ། གདེང་ཚོད་ཆེན་པོས་ཕུགས་འདུན་མངོན་འགྱུར་བྱེད། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འགག་རྩའི་ལོའང་རེད། ད་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་ཤུགས་རྐྱེན་ཟབ་མོའང་ལྡན་ཞིང་། དེས་ན་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྩ་འཛིན་དང་བླ་སྲོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་འཛིན་པ་དང“དོན་ཆེན་བཞི”གཞི་རྩར་འཛིན་དགོས་ཤིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩི་བ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་རྣམ་གྲངས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཐོན་ལས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། སྤུས་ཚད་མཐོ་བའི་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། བློ་གཅིག་སེམས་གཅིག་གིས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བ་དང་། འཐབ་ཇུས་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བ། ལས་དོན་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བར་དམ་འཛིན་བཅས་བྱས་ཏེ། མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས།

    ལོ་རྒྱུས་ལ་དྲན་གསོ་ཞུ་སྟངས་ཡག་ཤོས་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་དེ་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ང་ཚོར་ཆབ་སྲིད་ཀྱི་ལེགས་ཆ་ཧ་ཅང་ཆེན་པོ་དང་། འཕྲད་པར་དཀའ་བའི་འཐབ་ཇུས་ཀྱི་གོ་སྐབས། རྡོ་རྗེ་བྲག་ལྟར་སྲ་ཞིང་བརྟན་པའི་གདེང་ཚོད་དང་གདིང་ཤུགས་བཅས་ཡོད། འགོ་འཛུགས་ས་གསར་པ་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་ཧུར་ཐག་བྱེད་དགོས་ཤིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། བློ་གཅིག་སེམས་གཅིག་གིས་དཀའ་སྤྱད་འབད་འཐབ་བྱེད་པ། ཡར་རྒྱས་བརྩོན་ལེན་གྱིས་སྒྱུར་བཅོས་གསར་གཏོད་བྱེད་པ་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་དང་ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།