དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-28

    1857350_yis_1648396800000_s.jpg

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    དེ་རིང་ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་བསུ་བ་ཞུ་བའི་དུས་ཚོད་རེད། དེ་ནི་རླབས་ཆེན་གྱི་འཕོ་འགྱུར་ལ་དྲན་གསོ་ཞུ་བ་དང་། འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟ་བ། དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་ལམ་གསར་པའི་ཐོག་སྐྱོད་པ་བཅས་ཀྱི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བརྗེད་མི་སྲིད་པའི་ཉིན་མོ་ཞིག་རེད།

    ལོ་63གོང་དུ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས“མངའ་བདག་ཆེན་པོ་གསུམ”གྱི་མུན་ནག་གི་དབང་སྒྱུར་རྦད་དེ་རྩ་སློག་བཏང་བ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་ཞིང་། དུས་དེ་ནས་བཟུང་ཞིང་བྲན་ཁྲི་ཚོ་བརྒྱ“སྐད་ཆ་ཤོད་ཤེས་པའི་རྟ་ཟོག་སེམས་ཅན”མིན་པ་དང“རང་ཉིད་ཀྱི་གྲིབ་ནག་མ་གཏོགས་གཞན་ཅི་ཡང་མེད་པའི་བྲན་གཡོག”མིན་པར། མི་ཞིག་བྱེད་པའི་རང་དབང་དང་ལ་རྒྱ་ཐོབ་ནས་རྒྱལ་ཁབ་དང་། བོད་ལྗོངས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོ་ངོ་མར་གྱུར་ཡོད། དུས་དེ་ནས་བཟུང་བོད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་བསྐྱོད་ཡོད།

    ལོ་63རིང་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གནམ་ས་དང་འཐབ་འཛིང་བྱས་ནས་གནམ་ས་གསར་པ་བརྗེས་ཏེ། བོད་རང་སྐྱོང་ལྗོངས་བཙུགས་པ་དང་།

    སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། དུས་རབས་གསར་པར་སླེབས་ནས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གཅིག་རྗེས་གཉིས་མཐུད་ངང་བཏོད་པ་དང་། ནམ་ཡང་མི་ནུབ་པའི་མཛད་རྗེས་རྡོ་རིང་མང་པོ་བཙུགས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་དང་། སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ། སྐུ་ངོ་མས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ། བྱ་སྤྱོད་ཀྱི་རྩ་འཛིན་བཟོས་གནང་བ་དང་། བརྗིད་ཆེའི་འཆར་གཞི་བཀོད་གནང་ནས་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་གནང་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གང་ས་གང་དུ་གོས་ཀྱིས་ལུས་པོ་མི་དྲོད་པ་དང་ཟས་ཀྱིས་གྲོད་པ་མི་རྒྱགས་པའི་སྤྲང་པོས་ཁེངས་ཡོད། ད་ཆ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མི་ལྷག་པར་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་ནས་མི་རྣམས་ལ“བཟའ་འབྲུ”དེ་བས་འབེལ་འབེལ་ལྷུག་ལྷུག་བྱུང་བ་དང་། “ཤ་ཚལ་སྒོང་གསུམ”དེ་བས་ཕུན་སུམ་ཚོགས་པོ་བྱུང་བ་མ་ཟད། བཟའ་བཅའ་དེ་བས་ལྷད་མེད་དང་བདེ་འཇགས་ལྡན་པའང་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ། མང་ཚོགས་དཀྱུས་མ་སློབ་གྲྭར་འགྲོ་བའི་སྐལ་བ་སྤྱིར་ན་མེད་ལ། སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པའི་ཐབས་ལམ་ཡང་མེད། སྐབས་དེ་དུས་ཚེ་སྲོག་ཕ་མས་གནང་ཡང་རང་ལུས་རང་དབང་མེད། ད་ཆ་ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་གྲོང་ཁྱེར་དང་གྲོང་གསེབ་ལ་ཡོངས་སུ་ཁྱབ་པ། ཕྲུ་གུ་ཚང་མར་མི་ཚེའི་ངོ་མཚར་གཏོད་པའི་གོ་སྐབས་ཐོབ་པ། མང་ཚོགས་ཚང་མ་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་སྨན་པ་བསྟེན་པ་དང་སྨན་བཅོས་བྱ་རྒྱུ་བྱུང་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ། མི་རྣམས་གཞན་དབང་གིས་རང་བྱུང་ཆ་རྐྱེན་དང་བསྟུན་དགོས་པ་དང་རང་བྱུང་ཐོན་ཁུངས་ལེན་སྤྱོད་ཁོ་ན་བྱེད་ཀྱི་ཡོད། ད་ཆ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་རླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། མང་ཚོགས་མི་ཉུང་བ་ཞིག་ལ“ཡུལ་སྐོར་གྱི་ཡོང་འབབ”དང“སྐྱེ་ཁམས་ཀྱི་ཡོང་འབབ”རག་པ། བོད་འདི་ཉིད་སྔར་བཞིན་འཛམ་གླིང་གི་ཐོག་ཏུ་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། ད་ཆ་འཛམ་གླིང་ཡང་རྩེའི་གནའ་ཉམས་དོད་ལ་ངོ་མཚར་ཆེ་བའི་ས་གཞི་འདིར་མཛེས་སྡུག་ལྡན་པ་དང་། བརྗིད་ཉམས་ཆེ་བ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཞིང་། མི་རིགས་ཁག་གི་མི་དམངས་ཀྱིས་བློ་སྟོབས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གསེར་མདོག་ཅན་གྱི་ལམ་ཆེན་དུ་སྐྱོད་བཞིན་ཡོད།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    དུས་ཚོད་ནི་ཆེས་དངོས་ཡོད་ཀྱི“ཟིན་འགོད་པ”དང་ལོ་རྒྱུས་ནི་ཆེས་དྲང་བདེན་གྱི“དཔང་པོ”ཞིག་རེད། ཡུད་ཙམ་ཞིག་ལ་འདས་པའི་ལོ་63དཀའ་སྡུག་ཚད་མེད་མྱངས་པའི་བོད་འདི་ཉིད་སླར་ཡང་གསོན་ཤུགས་རྒྱས་ནས་དར་རྒྱས་གོང་འཕེལ་བྱུང་བའི་ལོ་རྒྱུས་ལམ་བུའི་དཔང་པོ་བྱས་པ་དང་འཕོ་འགྱུར་ཆེན་པོ་བྱུང་བའི་ལོ་63གྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ། འོད་སྟོང་གི་གྲུབ་འབྲས་ཐོབ་པའི་ལོ་63གྱི་ནང་ཏང་དང་རྒྱལ་ཁབ་ཀྱིས་བོད་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་བ་འདུས་ཡོད། སྡོང་པོ་རྒྱས་པ་རྩ་བའི་དྲིན། ཆུ་རྒྱུན་རིང་ཡང་ཆུ་འགོ་བརྗེད་མི་རུང་། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་ད་ཆའི་བོད་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དེ་བས་ཀྱང་མེད་པ་ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་ཡང་ཡང་ཐུབ་པ་མ་ཟད། འབྱུང་འགྱུར་མུ་མཐུད་ར་འཕྲོད་ཐུབ་ངེས་རེད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ། བོད་ལ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་རེད།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    ལོ་རྒྱུས་ལ་དྲན་གསོ་ཞུ་སྟངས་ཡག་ཤོས་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར“དུས་ཚོད་ཀྱིས་མི་མི་སྒུག་ལ་ལོ་རྒྱུས་ཀྱིས་ཀྱང་མི་མི་སྒུག དུས་ཚོད་ནི་འབད་འབུངས་ཡར་བརྩོན་བྱེད་མཁན་ལ་དབང་བ་དང་ལོ་རྒྱུས་ནི་འབད་འབུངས་ཡར་བརྩོན་བྱེད་མཁན་ལ་དབང་བ་ཡིན”ཞེས་བཀའ་སློབ་གནང་མྱོང་ཡོད། ང་ཚོས་ནམ་ཡང་སྒྱིད་ལུག་མི་བྱེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་ཡིད་ལ་འཆང་བ་དང་། “དཀའ་ཉེན་མཐའ་དག་ལ་དཔའ་མི་ཞུམ་པའི་སྙིང་སྟོབས”ཞུན་བརྡར་གཏོང་བ། “དཀའ་ཚེགས་ཆེན་པོར་རྒོལ་ཕོད་པའི”སྤོབས་སེམས་ཡིད་ལ་འཆང་བ། “དེ་རིང་གོམ་ཞེང་ཆེན་པོས་ཡང་བསྐྱར་སྐྱོད་པའི”བློ་སྟོབས་གཏན་འཁྱོངས་བཅས་བྱས་ཚེ། ང་ཚོས་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་གསར་པ་དེ་བས་ཆེན་པོ་འཇོག་ཐུབ་ངེས་རེད།

    ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འགག་རྩའི་ལོ་ཡང་ཡིན་པས། ད་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་ཤུགས་རྐྱེན་ཟབ་མོའང་ལྡན་ཡོད། དེས་ན་ང་ཚོས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོར་བརྩི་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས་པ་དང་། ང་ཚོས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་སྔོན་སྤེལ་ཁུལ་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་མཐོའི་སྤུས་རྟགས་དང་། ལྗང་མདོག་སྤུས་རྟགས། ཁྱད་ལྡན་སྤུས་རྟགས་བཅས་གཏོད་པ། སྤུས་ཚད་མཐོ་བའི་རྣམ་གྲངས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཐོན་ལས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར། སྤུས་ཚད་མཐོ་བའི་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཤུགས་ཆེན་གཏོང་བ། བློ་གཅིག་སེམས་གཅིག་གིས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས། ང་ཚོས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། “རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་གཞིས་ཡོད་པ་དང་། རྒྱལ་མཚམས་ལ་བདེ་འཇགས་མེད་ཚེ་ཁྱིམ་ཚང་ཁྲི་སྟོང་ལ་དུས་བདེ་ཡོང་མི་སྲིད་པ”བློ་ལ་བརྟན་པོར་ངེས་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བ་དང་། འཐབ་ཇུས་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བ། ལས་དོན་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་བར་དམ་འཛིན་བཅས་བྱས་ཏེ་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    ལམ་ཐག་རིང་ཡང་བསྐྱོད་ན་འབྱོར། ལས་དོན་དཀའ་ཡང་བསྒྲུབས་ན་འགྲུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་གཅིག་སེམས་གཅིག་དང་། དཀའ་སྤྱད་འབད་འཐབ། ཡར་རྒྱས་བརྩོན་ལེན། སྒྱུར་བཅོས་གསར་གཏོད་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་དང་ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ལྷན་རྒྱས་ཐུགས་རྗེ་ཆེ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།