ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་ཆེད། 2021ལོའི་ཟླ་5པར། དངོས་བྱུང་ནང་དོན་གཞིར་བཟུང་གསར་རྩོམ་བྱས་པའི་ལྷ་མོ《ཚེ་རིང་ལྷ་མོ》ཞེས་པ་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱས། འཁྲབ་ཚན་དེའི་ནང་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་མིག་དཔེ་དང་ཚབ་མཚོན་མི་སྣ་ཚེ་རིང་ལྷ་མོའི་གཏམ་རྒྱུད་བརྗོད་ཡོད།
“ང་ལྷུན་རྩེ་རྫོང་གསང་སྔགས་ཆུས་ཀྱི་བ་ཚང་ནང་སྐྱེས་པ་དང་། ལོ་6ནས་བཟུང་མངའ་བདག་གི་ནང་གཟན་བྱས་པ་ཡིན། དེའི་རིང་སྡུག་པོ་མང་པོ་མྱོང་དགོས་བྱུང”སྔོན་ཆད་ཀྱི་དཀའ་སྡུག་གླེང་སྐབས་1926ལོར་སྐྱེས་པའི་ཚེ་རིང་ལྷ་མོས་དེ་ལྟར་བཤད།
ཚེ་རིང་ལྷ་མོས་རང་ཉིད་ཀྱང་ཕ་མ་ཚོ་དང་འདྲ་བར། མི་ཚེ་གང་པོ་མུན་ནག་ཁྲོད་བསྐྱལ་དགོས་ངེས་རེད་སྙམ་པའི་སྐབས་སུ། 1959ལོར་དམངས་གཙོའི་བཅོས་སྒྱུར་གྱི་ཉི་འོད་ཚེ་རིང་ལྷ་མོའི་ལུས་ལ་འཕྲོས། ཁོ་མོར་ཡར་ལངས་བཅིངས་འགྲོལ་རྦད་དེ་ཐོབ་པ་མ་ཟད། ད་དུང་ས་ཞིང་དང་ནོར་ལུག་ཀྱང་བགོ་བཤའ་རག
དེས་མ་ཚད་ཚེ་རིང་ལྷ་མོས་ད་དུང་དེ་སྔའི་ནང་གཟན་གྱི་སྣེ་ཁྲིད་དེ། རོགས་རེས་ཚོགས་ཆུང་བཙུགས་པ་དང་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད། ཁོང་རང་ཉིད་ལ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ”དང“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་པ་མ་ཟད། ད་དུང་སྐབས་གཉིས་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཡང་བདམས་པ་རེད།
ད་ཆ་བགྲེས་སོང་ཚེ་རིང་ལྷ་མོ་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ་བུ་ཕྲུག་དང་ཚ་བོ་ཚ་མོ་དང་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་མཆིས།
ཚེ་རིང་ལྷ་མོ་ནི་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་དཔེ་མཚོན་ཙམ་ཞིག་རེད། དེང་གི་བོད་དུ་མི་རིགས་ཁག་གི་མི་དམངས་ལ་ཁྲིམས་ལྟར་རང་ཁྱིམ་རང་བདག་གི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཅིང་། ཕན་ཚུན་ལྟ་སྐྱོང་དང་ཞི་མཐུན་མཉམ་གནས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད། ཐུན་མོང་ཐོག་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།
འབྲེལ་ཡོད་དཔྱད་ཡིག་ལས་མངོན་པར་གཞིགས་ན། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་མཚོན་རྟགས་སུ་བྱས་ནས་བོད་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བཙུགས་པ་དང་འབྲེལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་152སྔ་རྗེས་སུ་བཏོན་ཏེ། མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ཁག་སྲུང་སྐྱོང་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་གལ་ཆེན་བྱས་ཡོད། མིག་སྔར་བོད་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི་3.5ལྷག་ཙམ་དང་། སྲིད་གྲོས་ཀྱི་ཨུ་ཡོན་8000ལྷག་ཙམ་ཡོད་ཅིང་། ཁོང་ཚོའི་ཁྲོད་ནས་90%ནི་གྲངས་ཉུང་མི་རིགས་རེད།
བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དབང་ཆར་འགན་ལེན་བྱས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་པའི་ཕྱོགས་གཅིག་རེད། དུས་རབས་གསར་པ་སླེབས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། སྤྱི་ཚོགས་སྤྱི་ཡོངས་དེ་བས་བརྟན་དུ་སོང་བ། དཔལ་འབྱོར་དང་རིག་གནས་དེ་བས་དར་ཞིང་རྒྱས་པ། སྐྱེ་ཁམས་ཁོར་ཡུག་དེ་བས་ཡག་ཏུ་སོང་བ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་གྱུར་ནས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན།
ད་ཆ་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་ཅིང་། “བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་བྱ་འཕུར་བ་ལྟར་ཤར་རེར་རྒྱུག་པ་དང་། སྒྲིག་ཁོངས་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་སྟེ་དུས་ཡུན་རིང་པོར་གནས་པའི་སློབ་མཚམས་ཆད་པའི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་པ། འཐུས་སྒོ་ཚང་བའི་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། ནད་ཡམས་འགོག་བཅོས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཞབས་ཞུའི་མ་ལག་བཙུགས་ཤིང་། མིའི་ཆ་སྙོམས་ཚེ་ཚད་1951ལོའི་ལོ་35.5ནས་ད་ཆའི་ལོ་71.1བར་རིང་དུ་ཕྱིན་པ་དང་། མི་སེར་གྱི་འཚོ་བའི་སྤུས་ཚད་ཉིན་བཞིན་ལེགས་སུ་ཕྱིན། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་ཆེ་ཤོས་བཅས་ཀྱི་དུས་རབས་གསར་པར་སླེབས།
རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད། བྱས་རྗེས་གསར་པ་ཧུར་ཐག་འཇོག བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། འབད་འབུངས་ཡར་བརྩོན་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམ་རྒྱུ་རེད།