དབུ་ཤོག>ཆེད་སྒྲིག
  • མ་འོངས་བདེ་སྐྱིད་འཛུམ་ཞལ་ལྷུག་པོར་གྲོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-03-28

    1959ལོར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་གྲོལ་ཐོབ་ནས་བདག་པོར་གྱུར་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།

    ལོ་ངོ་63རིང་གངས་ལྗོངས་ས་མཐོའི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་བཞིན་མཆིས།

    དུས་རབས་གསར་པར་གཞི་ཚུགས་པ་དང་འགོ་འཛུགས་ས་གསར་པར་ལངས་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་བཏང་ནས“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་མངོན་འགྱུར་ཡོང་བ་ཁ་གསལ་བཏོན་པ་རེད། དེ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་རེད།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་པ་དང་རི་བོ་མཐོ་ལ་ནགས་ཚལ་སྟུག་པས་དུས་ཡུན་རིང་པོར་ཕྱི་རོལ་དང་འབྲེལ་ཐག་ཆད། ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་འོག ཡུལ་སྨད་ཤང་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ནས་འབྱོར་འབྲིང་ཤང་དང་གྲོང་རྡལ་འཛུགས་སྐྲུན་ཡག་པོ་བྱས་པ་དང་། ས་སྲུང་མཐའ་བརྟན་གྱི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་པ། མི་འབོར་ལོ་བཅུ་ཕྲག་གོང་གི་དུད་ཚང་1གི་མི་3ནས་ད་ཆའི་དུད་ཚང་67གྱི་མི་200ལྷག་ཙམ་བར་མང་དུ་ཕྱིན་པ། ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་པ་བཅས་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་ཡོད།

    “ས་སྲུང་མཐའ་བརྟན་དང་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོ་ཡུལ་སྨད་བའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི‘རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ’ཧུར་ཐག་བསྐྲུན་ནས‘མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་ཐུབ་པའི’ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ནས། རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུལ་སྨད་ཤང་གི་མཐའ་སྲུང་གྲོང་མི་སྒྲོལ་དཀར་གྱིས་གསུངས།

    ཡུལ་སྨད་ཤང་ནི་རང་ལྗོངས་ཀྱི་མཐའ་མཚམས་གྲོང་གསེབ་འཕེལ་རྒྱས་ཕྱིན་པའི་བསྡུས་རིས་ཤིག་ཡིན། མིག་སྔར་ལྗོངས་ཡོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་ནས་མཐའ་མཚམས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

    མི་རིགས་བསྐྱར་དར་ཡོང་དགོས་ན་ངེས་པར་དུ་གྲོང་གསེབ་དར་རྒྱས་གཏོང་དགོས། འདས་ཟིན་པའི་2021ལོར་རང་ལྗོངས་སུ་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་100བསྐྲུན་འགོ་ཚུགས་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་གསར་པ་6172ཟིན་པ། མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་120བསྐྲུན་པ་བཅས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།

    དབུལ་སྐྱོར་འཐབ་ཕྱོགས་སུ་ལས་དོན་ལོ་མང་བསྒྲུབས་མྱོང་བའི་བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཁྲུའུ་ཀྲང་ཕུའུ་ཀྲེང་ཞུའེ་ཡིས། 2005ལོ་ནས་བཟུང་དབུལ་སྐྱོར་འཐབ་ས་དང་པོར་འབད་འཐབ་བྱས་ནས་བོད་དུ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་སེལ་བའི་རླབས་ཆེའི་ལོ་རྒྱུས་བརྒྱུད་རིམ་ནང་དངོས་སུ་ཞུགས་མྱོང་ཡོད་པ་རེད།

    ཕུའུ་ཀྲེང་ཞུའེ་ཡིས། “ངས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་རྐྱེན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས‘འགན་ལེན་གསུམ’གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་གོམ་སྟབས་མགྱོགས་སུ་གཏོང་བ་དང་ཆབས་ཅིག གྲོང་གསེབ་འཛུགས་སྐྲུན་དང་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་སྤེལ་ནས། 2022ལོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་གིས་གཡུར་ཟའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན”ཞེས་བརྗོད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཡོངས་ཀྱི་ལྟ་བ་དང་། ཕུགས་ཀྱི་ལྟ་བ། ཕྱོགས་ཡོངས་ཀྱི་ལྟ་བ་བཅས་འཛུགས་སྐྱོང་མཐའ་འཁྱོངས་ཀྱིས་འཛམ་གླིང་གི་སྐྱེ་ཁམས་ཆེན་པོ་དང་རྒྱལ་ཡོངས་ཀྱི་ཁོར་ཡུག་ཆེན་པོར་གཞི་ཚུགས་པ་དང་། རྒྱུན་མཐུད་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ལ་དམིགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་བའི་ཆབ་སྲིད་ཀྱི་རང་རྟོགས་མཐའ་གཅིག་ཏུ་འཁུར་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།

    “ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས་ང་ཚོས་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ལག་བསྟར་བསམ་འཆར་དང་2022ལོའི་ལས་དོན་ཇུས་གཞི་བཟོས་པ་དང་འབྲེལ། “ས་ཁུལ་ལྔ་དང་མ་ལག་གཅིག”གི་འཛུགས་སྐྲུན་ལ་དམིགས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་གསོ་སྦྱོང་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། ‘ཐཱན་ཚད་སྙོམ་སྦྱོར’དཔེ་སྟོན་འཛུགས་གཏོད་སོགས་ཀྱི་བྱ་སྤྱོད་ཆེན་པོ་བཅུ་དང་ཞིབ་ཕྲའི་ལས་འགན་ཁག་53ལག་ལེན་བསྟར་ནས་བོད་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་འཐབ་ཇུས་ཁུལ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། རང་བྱུང་སྲུང་སྐྱོང་གི་དཔེ་སྟོན་ཁུལ། སྐྱེ་ཁམས་དམངས་ཕྱུག་གི་སྔོན་བསྟར་ཁུལ་བཅས་སུ་གཏོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པའི་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།