དབུ་ཤོག>ཆེད་སྒྲིག
  • འབད་འཐབ་ལོ་རྒྱུས་བློ་ལ་བཅངས། འོད་སྟོང་ལེའུ་གསར་མུ་མཐུད་རྩོམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-03-28

    ལོ་63གྱི་གོང་དུ་ཏང་གི་འགོ་ཁྲིད་འོག་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་། བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་ལྕགས་སྒྲོག་མེད་པར་བཟོས་པ། བཀས་བཀོད་རྒྱུད་འཛིན་གྱི་ཆབ་སྲིད་གཉའ་གནོན་ལས་རྦད་དེ་ཐར་བ་བཅས་ལས་ཡར་ལངས་བཅིངས་འགྲོལ་དང་ཚེ་སྲོག་གསར་པ་ཐོབ་སྟེ་རྒྱལ་ཁབ་དང་། བོད་ལྗོངས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ནས་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ཀྲུང་གོའི་ལེའུ་བརྩམས་ཡོད།

    ལོ་63རྗེས་ཀྱི་དུས་དེ་རིང་། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་དར་རྒྱས་དང་འཕེལ་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས། སྐྱེ་ཁམས་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པར་བསྐྲུན་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ཡོད།

    གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    “ང་ནི་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ནང་སྡོད་མཁན་དང་པོའི་གྲས་ཤིག་ཡིན། མེ་འཁོར་ལ་བསྡད་དེ་ལྷ་ས་དང་ལྷོ་ཁར་སྐྱོད་སྐབས་སྔོན་མ་ལས་མགྱོགས་པ་འདུག”ཅེས་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་གྱི་གྲོང་མི་ཟླ་བ་ཚེ་རིང་གིས་སྤོབས་པ་དང་དགའ་བའི་རྣམ་པ་དེ་བརྗོད་བྱུང་།

    ཟླ་བ་ཚེ་རིང་གིས“ལོ་བཅུ་ཕྲག་ཁ་ཤས་རིང་། ང་ཚོས་ཆུ་ཟོམ་ནས་ཆུ་ཀ་ལའི་བར་དང་། ས་རྡོའི་ལམ་ནས་སྣུམ་ནག་ལམ་བར། སྣུམ་བཞུ་ནས་གློག་སྒྲོན་བར་དང་། ད་ཆ་ཤུགས་འགྲེམས་མེ་འཁོར་བར་བཅས་ཀྱི་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་རླབས་པོ་ཆེ་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་ཚོར་བྱུང”ཞེས་བརྗོད་བྱུང་།

    འགྲིམ་འགྲུལ་སྟབས་བདེ་ལས་བྱུང་བའི་ཕན་འབྲས། 2021ལོར་ལྷ་ནག་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་ལྷ་གཞིས་མྱུར་བགྲོད་གཞུང་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པས་གྲོང་གསེབ་ཏུ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་99.96%སོ་སོར་ཟིན་པ་དང་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་12ཟིན་ཞིང་། མཁའ་ལམ་གསར་པ་ཁག་19མང་དུ་ཕྱིན་པ་དང་གོང་དཀར་T3གནམ་ཐང་འབབ་ཚུགས་སྤྱོད་འགོ་ཚུགས་ཡོད།

    ད་ཆ“རྡོ་ཧྲུག་གང་སར་ཁེངས། མི་རྟ་བགྲོད་པར་དཀའ། དཀའ་ཉེན་ལྷག་པར་ཆེ། བརྗོད་པར་དཀའ་བའི་ཡུལ”བཅས་ཀྱི་དེ་སྔའི་བོད་ཀྱི་རྣམ་པར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ལྕགས་ལམ་དང་། མཁའ་འགྲུལ། གཞུང་ལམ་བཅས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་མ་ཟད། ཆུ་དང་། གློག དྲ་སྦྲེལ་བཅས་གྲོང་ཚོ་དང་དུད་ཚང་ཚང་མར་ཁྱབ་ཡོད།

    གྲངས་གཞི་ལས་ཚང་མ་གསལ་བཤད་བྱེད་ཐུབ། 1951ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ཟིན་པ་དང་། 2021ལོར་སླེབས་སྐབས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་ཏེ་7%ཙམ་འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་14%འཕར་ནས་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད།

    ལོ་63གྱི་རིང་གི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེ་ལས། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ་མ་ཟད། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཡང་དག་རང་བཞིན་དང་ཁྱད་འཕགས་རང་བཞིན་ཆེན་པོ་གསལ་བཤད་གང་ལེགས་ཐུབ་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་སྐབས་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་དབུལ་ཕོངས་དང་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས། སྐྱེ་ཁམས་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པར་བསྐྲུན་ཡོད་ཅེས་གསུངས་གནང་བ་ལྟར་ཡིན།

    སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ།

    “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པ”ཡིན་པའི་ཝ་པ་གླིང་སྡེ་ཁུལ་དུ་ཉིན་ལྟར་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཐོན་བཞིན་ཡོད།

    ལོ་63གྱི་རིང་ས་མཐོའི་ས་གཞི་དང་མེས་རྒྱལ་ནང་ས་དེ་བས་དམ་པོར་འབྲེལ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་མི་རིགས་ཁག་གི་སྤུན་ཟླས་དེ་བས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་མངོན་འགྱུར་ཆེད་ངོ་མཚར་ཆེ་བའི་བྱས་རྗེས་མང་པོ་བཞག་ཡོད།

    དུས་ཚོད་ནི་དཔང་རྟགས་ཡག་ཤོས་ཤིག་ཡིན།

    —— དུས་རབས་20པའི་ལོ་རབས་60པར་ཤིན་ཅང་གི་འབྲུ་རིགས་དང་། ཧྥུའུ་ཅན་གྱི་ཇ། སི་ཁྲོན་གྱི་རྒྱུད་བཟང་ཕྱུགས་རིགས། ཧྲང་ཧའེ་ཡི་ཀམ་པ་ལི་སོགས་རྒྱལ་ཡོངས་ས་གནས་ཁག་གི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དགོས་མཁོ་གང་ལེགས་བསྐངས་ཡོད།

    —— ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཁེ་ལས་ཆེ་འབྲིང་གིས་དུས་རབས་20པའི་ལོ་རབས་60པ་ནས་བཟུང་བོད་ལ་རོགས་སྐྱོར་བྱེད་འགོ་ཚུགས་ཤིང་། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་དར་རྒྱས་ཆེ་བའི་ཞིང་ཆེན(གྲོང་ཁྱེར)གྱིས་བོད་ལ་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། 2015ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་བོད་ཀྱི་སྤྱི་ཚོགས་དང་བྱ་གཞག་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད།

    —— 2020ལོའི་ཟླ་5ཚེས་1ཉིན་ནས་བཟུང《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་སྐྱོད་འགོ་ཚུགས་ཡོད།

    ད་ཆ་བོད་མི་དམངས་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དག་གི་མི་དམངས་དབར་གྱི་དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་གསར་པ་བཏོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ཟད་མཐའ་མེད་པའི་སྒུལ་ཤུགས་གཅིག་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

    བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།

    བསིལ་རླུང་ཁྲོད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉང་ཆུ་གཙང་པོའི་ཟམ་ཆེན་ནས་ཕྱོགས་བཞིར་རྒྱང་ལྟ་བྱེད་སྐབས། ཤང་ཤང་དུ་རྒྱུག་པའི་ཆུ་བོ་དང་གཡུ་མདོག་ལྟར་གྱི་ས་གཞི་མིག་གི་ལོངས་སྤྱོད་དུ་གྱུར།

    “སྔོན་མ་ཡུལ་ལྗོངས་མཛེས་པོ་དེ་འདྲ་མེད། ཐལ་རླུང་ཡང་ཡང་ལྡང་བ་དང་མིག་ཡང་གདང་མི་ཐུབ་པ་མ་ཟད། གྲོང་ཚོ་སྐྱ་ཐེར་ཐེར་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གསེར་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ཚེ་རིང་གིས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།

    སྔོན་མ་རང་བྱུང་ཁོར་ཡུག་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་སྟབས་ཡར་ཀླུང་གཙང་པོའི་རྒྱུད་དུ་བྱེ་སར་འགྱུར་ཚབས་ཆེ་རུ་ཕྱིན་པ་དང་སྔོ་ཁེབས་ཀྱང་ཉུང་དུ་ཕྱིན་ཁར། གཙང་ཆུ་རྒྱས་སྐབས་ཆུས་ཞིང་ཁ་བསྣུབས་པའི་གནས་ཚུལ་ཐོན་གྱི་ཡོད།

    2008ལོར་མཆོག་ཚེ་རིང་གསེར་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་། ལོ་གཉིས་པར་ཁོང་གིས་གྲོང་མིའི་སྣེ་ཁྲིད་དེ་བྱེ་འགོག་ནགས་བཟོའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ནས་ལོ་ལྟར་ཤིང་འཛུགས་རྒྱ་ཁྱོན་མུའུ་ཉིས་སྟོང་ནས་ལྔ་སྟོང་བར་འདེབས་པའི་ལས་འགན་གཏན་འཁེལ་བྱས་ཤིང་། ད་བར་མཚམས་འཇོག་བྱེད་མྱོང་མེད། ལོ་བཅུ་ལྷག་ཙམ་རིང་གསེར་སྒོ་རྭ་གྲོང་ཚོས་ལྗོན་ཤིང་ཁྲི་བཅུ་ཕྲག་ཁ་ཤས་བཏབ་ཡོད་ལ། འདེབས་ཁྱོན་མུའུ་ཁྲི་བདུན་ཙམ་ཟིན་ཡོད།

    ད་ཆ་གསེར་སྒོ་རྭ་གྲོང་ཚོ་སྔོ་ལྗང་གོས་ཀྱིས་བཀླུབས་ནས་ཡུལ་ལྗོངས་སྐྱིད་སྣང་ལྡན། འདི་ནི་བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད།

    ལོ་མང་རིང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དེ་དོན་ཆེན་ཨང་དང་པོར་བརྩིས་ཤིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་ཐོག་བཞག་པར་བརྟེན་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་འཕེལ་རྒྱས་ལེགས་པའི་ལམ་བུར་བསྐྱོད་ཡོད།

    བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ནི་ཕན་པ་བསྐལ་བརྒྱར་ཐོན། བྱས་རྗེས་དེང་འདིར་འཇོག་པ་ཞིག་ཡིན། གནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་གཙང་བ་བཅས་ཡོང་བ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་སྐྲུན་པའི་དཔང་པོ་ཞིག་ཀྱང་ཡིན།

    རྗེས་དྲན་བྱེད་པ་ནི་སྔར་ལས་ལྷག་པའི་སྒོ་ནས་མདུན་སྐྱོད་བྱ་ཆེད་ཡིན། མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞིར་གཞིགས་ནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད། བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་འཕྲོ་བ་དང་བོད་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།