ཀྲུང་གོ་གུང་ཁྲན་ཏང་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་གོ་བ་ཇི་ལྟར་ལེན་དགོས་སམ།
དྲི་བ། ཀྲུང་གོ་གུང་ཁྲན་ཏང་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་གོ་བ་ཇི་ལྟར་ལེན་དགོས་སམ།
ལན། 《གྲོས་ཆོད》ནང“ཟླ་བ་བཅུ་པའི་གསར་བརྗེ་ལངས་ནས་ཀྲུང་གོར་མར་ཁེ་སི་ལེ་ཉིང་རིང་ལུགས་དར་བ་རེད། ལྔ་བཞིའི་ལས་འགུལ་གྱིས་མར་ཁེ་སི་རིང་ལུགས་ཀྲུང་གོར་ཁྱབ་སྤེལ་བྱེད་པར་སྐུལ་འདེད་བཏང་ཡོད། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་གོ་རྟོགས་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱེད་པའི་ཁྲོད། 1921ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་རེད”ཅེས་བསྟན་ཡོད། ཀྲུང་གོ་གུང་ཁྲན་ཏང་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དེ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་ཤེས་རྟོགས་གཏིང་ཟབ་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པ་དང་། ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ལ། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་1921ལོར་དབུ་བརྙེས་པ་ནི་སྟེས་དབང་དུ་བྱུང་བ་ཞིག་མིན། “འཇིག་རྟེན་གསར་སྐྲུན་གྱི་དུས་འགྱུར”འདི་ནི་ཉེ་རབས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དང་གསར་བརྗེ་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་བླང་བྱ་ཡིན་ཞིང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་བྱས་པ་ལས་བྱུང་བ་ཞིག་ཡིན།
དང་པོ། མི་རིགས་འཇིག་ཉེན་ལས་སྐྱོབ་རྒྱུ་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་གྱུར་ཡོད། ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་གི་གནའ་བོའི་མི་རིགས་རླབས་པོ་ཆེ་ཞིག་ཡིན་ཞིང་། ལོ་ངོ་5000ལྷག་ཙམ་གྱི་འོད་སྟོང་འཕྲོ་བའི་ཤེས་དཔལ་བཏོད་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་བསུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། 1840ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་འདྲ་མཉམ་མིན་པའི་ཆིངས་ཡིག་རབ་དང་རིམ་པ་བཞག་པ་བརྒྱུད། ཆིང་སྲིད་གཞུང་ལ་ས་ཆ་བཅད་ནས་སྐྱིན་ཚབ་འཇལ་དུ་བཅུག་པ་དང་། ཀྲུང་གོའི་དམིགས་བསལ་གྱི་དབང་ཆ་གལ་ཆེན་མང་པོ་ཧམ་འཕྲོག་བྱས་ཏེ། ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྲུང་གོར་འཆིང་སྡོམ་བྱས་ཡོད། བཀས་བཀོད་རྒྱུད་འཛིན་དབང་སྒྱུར་རུལ་སུངས་དང་། ས་བདག་གྲལ་རིམ་དང་ཕྱིར་རྟེན་ཚོང་པའི་འབྱོར་ལྡན་གྲལ་རིམ་གྱི་ཁེ་ཕན་གྱི་ཚབ་བྱེད་པའི་ཆིང་སྲིད་གཞུང་ཉིན་རེ་བཞིན་ཕྱི་རྒྱལ་མ་རྩ་རིང་ལུགས་ཀྱིས་ཀྲུང་གོར་དབང་སྒྱུར་བྱེད་པའི་ལག་ཆར་གྱུར་ནས་རྒྱལ་འཚོང་དང་། རུལ་སུངས་ནུས་མེད། ཀྲུང་གོའི་སྐྱེ་སྟོབས་མེད་པར་བཟོ་བ་བཅས་ཀྱི་སྲིད་དབང་ཞིག་ཏུ་གྱུར་ཡོད། ཀྲུང་གོ་རིམ་བཞིན་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་གྱུར་པ་དང་། བཙན་རྒྱལ་རིང་ལུགས་དང་ཀྲུང་ཧྭ་མི་རིགས་དབར་གྱི་འགལ་བ་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མི་དམངས་མང་ཚོགས་བར་གྱི་འགལ་བ་དེ་ཉེ་རབས་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་གྱུར་ཡོད། རྒྱལ་ཁབ་ལ་བརྙས་བཅོས་ཕོག་པ་དང་། མི་དམངས་ལ་སྡུག་བསྔལ་བཟོ་བ། ཤེས་དཔལ་རྡོག་རོལ་དུ་གཏོང་བ་བཅས་བྱས་པས། ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་བྱུང་བ་རེད། མི་རིགས་འཇིག་ཉེན་ལས་སྐྱོབ་རྒྱུ་དང་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་བརྩོན་ལེན་བྱེད་པ་དེ་ཀྲུང་གོ་མི་དམངས་ཀྱི་ཁ་ཚ་དགོས་གཏུག་གི་ལས་འགན་དུ་གྱུར་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་སུ་གྱུར་ཡོད།
གཉིས་པ། ཀྲུང་གོར་བསམ་བློ་གསར་པས་རྒྱལ་ཁབ་སྐྱོབ་པའི་ལས་འགུལ་ལ་ཁྲིད་སྟོན་བྱེད་པ་དགོས་གལ་ཤིན་ཏུ་ཆེ་བ་དང་རྩ་འཛུགས་གསར་པས་གསར་བརྗེའི་སྟོབས་ཤུགས་གོང་བུར་བསྒྲིལ་རྒྱུ་དགོས་གལ་ཤིན་ཏུ་ཆེ་ཞིང་། མི་རིགས་འཇིག་ཉེན་ལས་སྐྱོབ་ཆེད་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པ་དང་། སྤྱོད་བཟང་འདུན་ཆེའི་མི་སྣས་གང་སར་རེ་འབོད་བྱས་ནས་འཐབ་རྩོད་བྱས་པ་རེད། ཐའེ་ཕིང་ཐེན་གོའི་ལས་འགུལ་དང་། ཕྱི་འབྲེལ་བྱ་བའི་ལས་འགུལ། ས་ཁྱི་ལོའི་ལུགས་སྒྱུར། དབྱི་ཧོ་ཐོན་ལས་འགུལ་བཅས་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་རྒྱལ་སྐྱོབ་ཇུས་གཞི་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་བཏོན་མོད། འོན་ཀྱང་ཚང་མར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་། ཡང་དག་པའི་འགྲོ་ལམ། བརྟེན་ཆོག་པའི་སྤྱི་ཚོགས་སྟོབས་ཤུགས་བཅས་རྙེད་མེད་པའི་རྐྱེན་གྱིས་ཕམ་ཉེས་བྱུང་བ་རེད། 1911ལོར་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་དབུ་ཁྲིད་གནང་བའི་ལྕགས་ཕག་ལོའི་གསར་བརྗེས་ཀྲུང་གོར་ལོ་ངོ་སྟོང་ཕྲག་འགའི་རིང་དབང་བསྒྱུར་བྱས་པའི་རྒྱལ་པོའི་སྲིད་དབང་སྒེར་འཛིན་ལམ་ལུགས་མགོ་རྟིང་བསློགས་མོད། འོན་ཀྱང་ཀྲུང་གོའི་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོ་མི་དམངས་ཀྱི་ཡ་ང་བའི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་མེད་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་འགྲུབ་མེད། ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ། ཀྲུང་གོས་རྒྱལ་པོ་དང་རྩ་ཁྲིམས་གཉིས་ལྡན་གྱི་ལམ་ལུགས་དང་། གོང་མའི་ལམ་ལུགས་བསྐྱར་འཛུགས། དབྱི་ཧུའེ་གྲོས་ཚོགས་ལམ་ལུགས། ཏང་མང་ལམ་ལུགས། ཙུང་ཐུང་ལམ་ལུགས་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཚོད་ལྟ་བྱེད་མྱོང་ཡོད་ཅིང་། ཆབ་སྲིད་སྟོབས་ཤུགས་སྣ་ཚོགས་དང་དེའི་ཚབ་བྱེད་མི་སྣ་གཅིག་རྗེས་གཉིས་མཐུད་དུ་སྲིད་སྟེགས་ཐོག་བསྐྱོད་ཀྱང་ཚང་མར་བྱེད་ཐབས་ཡང་དག་ཞིག་རྙེད་མེད་པ་དང་། ཀྲུང་གོ་རྙིང་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོའི་མི་དམངས་ཀྱི་ཡ་ང་བའི་ལས་དབང་ལ་སྔར་བཞིན་འགྱུར་ལྡོག་བྱུང་མེད། ལོ་རྒྱུས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་དེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། བསྐྱར་དར་རླབས་པོ་ཆེའི་འགན་འཁྲི་དངོས་འབྲེལ་སྒྲུབ་ཐུབ་པའི་འགན་འཁུར་མཁན་ལ་འབོད་སྐུལ་བྱེད་བཞིན་ཡོད།
གསུམ་པ། 1917ལོའི་ཟླ་བཅུ་པའི་གསར་བརྗེ་ལངས་ནས་ཀྲུང་གོར་མར་ཁེ་སི་ལེ་ཉིང་རིང་ལུགས་དར་བ་རེད། ཀྲུང་གོའི་སྔོན་ཐོན་ཤོག་ཁག་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་ཁྲོད་ནས་ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་མཐོང་ཐུབ་པ་བྱུང་ཡོད། ཟླ་བཅུ་པའི་གསར་བརྗེ་ལས་ཁྱབ་བསྒྲགས་བྱས་པའི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འབོད་སྐུལ་ལས་བཙན་རྒྱལ་རིང་ལུགས་བཙན་དབང་རྒྱལ་ཁབ་ཀྱི་བརྙས་བཅོས་ཕོག་པའི་ཀྲུང་གོའི་མི་དམངས་ལ་གཞན་སྡུག་རང་མྱོང་གི་བསམ་ཚུལ་བྱུང་བ་དང་། དེ་ལས་སྔོན་ཐོན་གྱི་ཀྲུང་གོ་བས་སྤྱི་ཚོགས་རིང་ལུགས་ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་བ་དང་། ཁོང་ཚོས་ཟླ་བཅུ་པའི་གསར་བརྗེར་མཛུབ་ཁྲིད་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་བཤད་ཚུལ་ལ་ཤེས་རྟོགས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། གནས་ཚུལ་དེ་འདྲའི་འོག་ཀྲུང་གོར་ཨུ་རུ་སུའི་ཟླ་བཅུ་པའི་གསར་བརྗེའི་འགྲོ་ལམ་ལ་མོས་མཐུན་དང་གུང་ཁྲན་རིང་ལུགས་ཀྱི་བསམ་བློ་རགས་ཙམ་ལྡན་པའི་ཤེས་ལྡན་པ་ཁག་གཅིག་ཐོན་ཡོད་པ་རེད།
བཞི་པ། ཀྲུང་གོའི་བཟོ་པའི་གྲལ་རིམ་ཉིན་རེ་བཞིན་གལ་འགངས་ཇེ་ཆེར་འགྲོ་བཞིན་པའི་གསར་དར་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། ཀྲུང་གོའི་བསམ་བློའི་ལས་རིགས་ལ་འགྱུར་ལྡོག་དྲག་པོ་བྱུང་བ་དང་ཆབས་ཅིག་ཀྲུང་གོའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཡང་རིམ་གྱིས་གཏིང་ཟབ་ཏུ་ཕྱིན་ཡོད། འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ། ནུབ་ཕྱོགས་ཀྱི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་གཙོ་བོ་དག་ཡོ་རོབ་ཀྱི་གཡུལ་སར་ཕན་ཚུན་གསོད་རེས་བྱེད་པར་བྲེལ་ནས་ཀྲུང་གོར་དཔལ་འབྱོར་གྱི་ཐོག་ནས་བཙན་འཛུལ་བྱེད་རྒྱུ་གནས་སྐབས་ལྷོད་གཡེང་དུ་ཕྱིན་པས། ཀྲུང་གོའི་མི་རིགས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། ལྔ་བཞིའི་ལས་འགུལ་གོང་ཐོན་ལས་བཟོ་པ་ཁྲི་200ལྷག་ཙམ་ཟིན་པ་དང་ལྔ་བཞིའི་ལས་འགུལ་ཁྲོད་ཀྲུང་གོའི་བཟོ་པའི་གྲལ་རིམ་རང་ཚུགས་ཀྱི་རྣམ་པའི་ཐོག་ནས་ཆབ་སྲིད་ཀྱི་གར་སྟེགས་ཐོག་སྐྱོད་འགོ་ཚུགས་ཡོད། ཀྲུང་གོའི་བཟོ་པའི་གྲལ་རིམ་ལ་སྔོན་ཐོན་གྱི་དཔལ་འབྱོར་གྱི་རྣམ་པ་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། རྩ་འཛུགས་རང་བཞིན་དང་སྒྲིག་ཁྲིམས་རང་བཞིན་གྱིས་ཕྱུག་པ། སྒེར་གྱིས་བདག་གིར་བཟུང་མེད་པའི་ཐོན་སྐྱེད་རྒྱུ་ཆ་སོགས་གཞི་རྩའི་དགེ་མཚན་ཕུད་ད་དུང་སེམས་ཐག་ཆོད་ཅིང་མཐར་ཕྱིན་པའི་གསར་བརྗེའི་རང་བཞིན་ལྡན་པ་སོགས་ཀྱི་དགེ་མཚན་མངོན་གསལ་དོད་པས། ཀྲུང་གོའི་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ལ་གསར་བརྗེའི་ཆེས་གཞི་རྩའི་སྒུལ་ཤུགས་སུ་འགྱུར་ངེས་རེད། ཀྲུང་གོའི་སྔོན་ཐོན་ཤོག་ཁག་གིས་མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱས་ཏེ། ཧུར་བརྩོན་ཆེན་པོས་མང་ཚོགས་ཀྱི་འཐབ་རྩོད་ལག་ལེན་ནང་ཞུགས་ནས་བཟོ་པ་དང་འབྲེལ་བ་འཛུགས་འགོ་ཚུགས་པ་དེ་ནི་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་བྱེད་པའི་བརྒྱུད་རིམ་ཞིག་རེད།
ལྔ་པ། ལྔ་བཞིའི་ལས་འགུལ་གྱིས་ཀྲུང་གོར་མར་ཁེ་སི་རིང་ལུགས་ཁྱབ་སྤེལ་ཡོང་བར་སྐུལ་འདེད་བཏང་ཡོད། རིག་གནས་གསར་པའི་ལས་འགུལ་གྱིས་དམངས་གཙོ་དང་ཚན་རིག་དར་སྤེལ་བཏང་ནས། ཀྲུང་གོའི་སྤྱི་ཚོགས་སུ་བསམ་བློ་བཅིངས་འགྲོལ་གཏོང་བའི་རླབས་རྒྱུན་ཞིག་འཕྱུར་བཞིན་ཡོད། ལྔ་བཞིའི་ལས་འགུལ་གྱི་སྔ་རྗེས་སུ་ཀྲུང་གོའི་སྔོན་ཐོན་ཤོག་ཁག་གིས་ཕ་རི་སིའི་ཞི་བའི་གྲོས་ཚོགས་ཁང་གིས་སྤྲད་པའི་བསླབ་གཅུན་དངོས་ཀྱི་ཁྲོད་བཙན་རྒྱལ་རིང་ལུགས་ཀྱི་བཙན་དབང་རྒྱལ་ཁབ་ཀྱིས་མཉམ་དུ་ཀྲུང་གོའི་མི་དམངས་ལ་གཉའ་གནོན་གཏོང་བའི་ངོ་བོ་ཤེས་རྟོགས་བྱུང་བ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀྲུང་གོར་ཁྱབ་སྤེལ་བྱུང་བའི་ཐད་ཀའི་རྒྱུ་རྐྱེན་ཞིག་རེད། ལྔ་བཞིའི་ལས་འགུལ་གྱིས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་མཐར་ཕྱིན་བྱེད་པའི་གསར་བརྗེའི་རང་བཞིན་དང་། རྒྱལ་སྐྱོབ་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བརྩོན་ལེན་བྱེད་པའི་བདེན་དོན་གྱི་ཡར་ཐོན་རང་བཞིན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཧུར་ཐག་ཞུགས་པའི་རྒྱ་ཁྱབ་རང་བཞིན་གྱིས་ཀྲུང་གོའི་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་དང་། ཀྲུང་གོར་མར་ཁེ་སི་རིང་ལུགས་རྒྱ་ཁྱབ་ཏུ་ཁྱབ་སྤེལ་བྱེད་པར་སྐུལ་འདེད། མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས་ཀྲུང་གོ་གུང་ཁྲན་ཏང་འཛུགས་པར་བསམ་བློའི་ཐད་དང་ལས་བྱེད་པའི་ཐད་གྲ་སྒྲིག་བྱས་ཡོད།
མདོར་ན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གོ་རྟོགས་རླབས་པོ་ཆེ་སད་པའི་ཁྲོད་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་ཟབ་བྱས་པའི་ཁྲོད་ནས་བྱུང་བ་ཞིག་རེད། ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ། ཀྲུང་ཧྭ་མི་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣