དབུ་ཤོག>ཆེད་སྒྲིག
  • དྲང་པོ་དྲང་གཞག་བྱས་པས་ན། “ཁྱིམ་ཚང་ཆུང་ངུར”འགྱུར་ལྡོག་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-03-21

    སྣང་རྫོང་ལྡེམ་མོ་ཤང་ལྡེམ་མོ་གྲོང་ཚོར་ཚོང་ཁང་ཞིག་ཡོད་པ་དེ་དེ་ཙམ་ཆེན་པོ་མེད་མོད། འོན་ཀྱང་ཚོང་ཁང་དུ་རྟག་ཏུ་ཚོང་ཡག་པོ་ཡོད། ལོ་ཤས་རིང་ཚོང་ཁང་དེ་ས་གནས་དེ་གའི་མང་ཚོགས་ཚོའི་རྒྱུན་མཁོ་ཉོ་ས་ཡག་པོ་ཞིག་ཏུ་གྱུར་ཡོད། ཚོང་ཁང་གི་སྦྱིན་བདག་ལ་ལི་ཅན་གོ་ཟེར་ཞིང་། ཀན་སུའུ་ཐེན་ཧྲུའེ་ནས་ཡིན་པ་དང་། ཁོང་གི་ཚོང་ཁང་དུ་ཉིན་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཐོན་གྱི་ཡོད།

    “ཕ་ཡུལ་གཅིག་པ་ལགས། ཁྱེད་རང་ཕེབས་པས” མང་ཚོགས་ལི་ཅན་གོའི་ཚོང་ཁང་དུ་སྐྱོད་རིམ་བཞིན་ཁོང་གིས་སེམས་རྩ་འཁོལ་པོས་འཚམས་འདྲི་བྱེད་པ་དང་། སྐུ་མགྲོན་ལ་མཁོ་བའི་དངོས་པོ་གྲ་སྒྲིག་བྱེད་ཀྱི་ཡོད། རྩིས་རྒྱག་སྐབས་མང་ཚོགས་ཁག་གཅིག་གིས་ཁོ་པར་གོང་ཚད་འགྲིག་གི་ཡོད་པས། ཁོ་པས་ཀྱང་འཛུམ་དམུལ་དམུལ་ངང་སྐུ་མགྲོན་གྱི་རེ་བ་སྐོང་གང་ཐུབ་བྱེད་ཀྱི་ཡོད།

    བོད་དུ་ལོ་19བསྡད་པས། ལི་ཅན་གོས་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་པ་དེས་ཁོང་དང་ས་གནས་དེ་གའི་མང་ཚོགས་དབར་ཉེ་པོ་ཆགས་ནས་ནང་མི་ལྟར་དུ་གྱུར་ཡོད། དུས་ཡུན་རིང་པོ་སོང་རྗེས། ས་གནས་དེ་གའི་མང་ཚོགས་ཚོས་ལི་ཅན་གོར“ཨ་ཇོ”ཞེས་མཛའ་བརྩེའི་ངང་འབོད་ཀྱི་ཡོད།

    ལྡེམ་མོ་གྲོང་ཚོའི་གྲོང་མི་ཆུང་བདག་གིས“ཨ་ཇོའི་ཚོང་ཁང་དུ་ཚོང་ཟོག་ཆ་ཚང་པོ་ཡོད་ལ་རིན་གོང་ཡང་ཁེ་པོ་ཡོད། ཚོང་ཟོག་ཁག་གཅིག་རྫོང་ལས་གོང་ཁེ་བ་མ་ཟད། མགོ་སྐོར་གཏོང་གི་མ་རེད། ཚོང་ཁང་མང་པོ་དེ་འདྲ་ཡོད་ཀྱང་ང་ཚོས་ཁོང་གི་ས་ནས་ཚོང་ཟོག་ཉོ་གི་ཡོད”ཅེས་བཤད།

    2002ལོར་བོད་དུ་ཡོང་སྐབས། ལི་ཅན་གོས་ཐང་ཁྲོམ་འདོན་པ་དང་། སྟར་ཁ་ཉོ་སྒྲུབ་བྱེད་པ། ཚོང་ཁང་གཉེར་བ་བཅས་བྱེད་མྱོང་ཡོད། འདི་ག་ནི་ཁོང་གི་ཕ་ཡུལ་གཉིས་པ་ཟེར་ནའང་ཆོག 2016ལོར་ལི་ཅན་གོ་ལྡེམ་མོ་ཤང་དུ་བསྐྱོད་ནས་རང་ཉིད་ཀྱི་ཚོང་ཁང་བཙུགས་ཤིང་། གཉེར་འགོ་ཚུགས་མ་ཐག་པའི་དངོས་ཟོག་སྣ་ཁ་མང་པོ་མེད་པ་ནས་ད་ཆའི་རྒྱུན་མཁོའི་བརྒྱ་ཟོག་དང་། ཤིང་འབྲས་དང་སྔོ་ཚལ། ཤ་རིགས་སོགས་སྣ་ཁ་ཚང་མ་འཛོམས་ཡོད།

    2021ལོའི་དཔྱིད་གསར་དུས་ཆེན་སྐབས། ལི་ཅན་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་རེས་སྐབས་ཤང་གི་ལས་བྱེད་པ་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་ཤེས་རྟོགས་བྱུང་བས། རང་འགུལ་ངང་ལས་རེས་ས་ཚིགས་ཀྱི་ལས་བྱེད་པར་སྟབས་བདེའི་ཐུག་པ་དང་། བཏུང་བྱ། ཤིང་འབྲས་སོགས་བསྐྱལ་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་རེས་མི་སྣར་དྲོ་སྐྱིད་སྦྱིན་པ་རེད། མི་རིང་བའི་གོང་། ལྡེམ་མོ་གྲོང་ཚོའི་དུད་ཚང་ཞིག་གི་ཁྱིམ་ལ་དཀའ་ངལ་འཕྲད་པར་ལི་ཅན་གོས་ཡང་ཁོང་ཚོར་འབྲས་སོགས་དངོས་ཟོག་བསྐྱལ་བ་རེད།

    ལྡེམ་མོ་ཤང་སློབ་ཆུང་གི་སློབ་སྤྱི་བསོད་ནམས་དོན་གྲུབ་ཀྱིས“ལོ་ལྟར་དྲུག་གཅིག་བྱིས་པའི་དུས་ཆེན་དང་དགེ་རྒན་དུས་ཆེན་གཏོང་སྐབས་ལི་ཅན་གོས་སློབ་མ་དང་དགེ་རྒན་ལ་འཚམས་འདྲི་བྱེད་ཀྱི་ཡོད”ཅེས་བཤད། གནས་ཚུལ་དེའི་སྐོར་གླེང་སྐབས་ལི་ཅན་གོས“ཕྲུ་གུ་ཚོའི་དགའ་སྤྲོའི་འཛུམ་མདངས་མཐོང་སྐབས་རང་ཉིད་ཀྱི་ཕྲུ་གུ་དྲན་གྱི་འདུག ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་རེ་བ་ཡོད”ཅེས་བཤད།

    ཉེ་ཆར། ལྡེམ་མོ་ཤང་མི་དམངས་སྲིད་གཞུང་གིས་ལི་ཅན་གོའི་ཚོང་ཁང་ལ“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚོང་ཁང”གི་སྒོ་བྱང་སྤྲད་དེ་ཁོང་ལ་མུ་མཐུད་མི་དེ་བས་མང་བ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དུས་དང་རྣམ་པ་ཀུན་ཏུ་བཞད་པར་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྡེམ་མོ་ཤང་གིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁྱིམ་ཚང་དང་དཔེ་བཟང་ཚོང་ཁང་གི་དཔྱད་འདེམས་བྱེད་སྒོ་སྤེལ་ནས་ཉེ་འགྲམ་གྱི་དཔེ་མཚོན་མི་སྣ་དང་སྔོན་ཐོན་བྱས་རྗེས་ལ་བརྟེན་ནས་ཤང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་ཤུགས་རྐྱེན་ཐེབས་སུ་འཇུག་པ་དང་སྐུལ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་སུ་སྔར་བས་གཏིང་ཟབ་ཟུག་པར་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།