དབུ་ཤོག>ཆེད་སྒྲིག
  • ཉིན་བཞིན་ལེགས་སུ་འགྲོ་བའི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-19

    གཞིས་རྩེ་གྲོང་ཁྱེར་འགྲམ་ཁུལ་གསར་དུ་སྐྱོད་སྐབས་ཡངས་ཤིང་གཙང་བའི་ཁྲོམ་གཞུང་དང་ཐུན་མོང་མ་ཡིན་པའི་གྲོང་མིའི་སྡོད་ཁང་མིག་ལམ་དུ་འཆར། ལོ་64ལ་སླེབས་པའི་བློ་བཟང་གིས་རང་ཁྱིམ་གྱི་ཁང་པ་གསར་པའི་ནང་མེ་ཏོག་ལ་གཡོག་བྱེད་ཞོར་དུ་དགའ་སྤྲོའི་སྒོ་ནས་གསར་འགོད་པར“སྡོད་ས་ཡག་པ་དང་། ཟ་རྒྱུ་ཡག་པ། གོས་ཡག་པ། མཁོ་ཆས་ཡག་པ་སོགས་ཡོད”ཅེས་ཁང་པ་གསར་པའི་ནང་གི་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་།

    2015ལོའི“4·25”ས་ཡོམ་རྗེས་མི་རབས་ནས་མི་རབས་བར་གཉའ་ནང་རྫོང་འགྲམ་གྲོང་རྡལ་དུ་འཚོ་བ་སྐྱེལ་བཞིན་པའི་མང་ཚོགས་དུད་ཚང་500ལྷག་ཙམ་གཞིས་རྩེ་གྲོང་ཁྱེར་ཁོངས་ཀྱི་འགྲམ་ཁུལ་གསར་དུ་གནས་སྤོས་ནས་འདི་གར་འཚོ་བ་གསར་བ་སྐྱེལ་འགོ་ཚུགས།

    ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གཞི་རིམ་གྱི་ལས་དོན་ཁག་ལེགས་པོ་སྒྲུབ་པའི་འགག་རྩ་ཞིག་ཡིན། འགྲམ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་གཙོ་གནད་ཐོག་འདོན་སྤེལ་བྱས་ནས་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་སྒུལ་ཤུགས་བསྣན་ཡོད། “རྒྱལ་དར་ཨ་མ་རྒན་མོའི”ཤུགས་རྐྱེན་འོག་འགྲམ་གྲོང་རྡལ་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་དེ་བཞིན་གྲོང་མི་ཨུ་ལྷན་4ཡི་ཏང་ཡོན་དང་མང་ཚོགས་ཀྱིས་གཟའ་འཁོར་རེའི་རེས་གཟའ་ཟླ་བར་རང་འགུལ་ངང“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི”མཛད་སྒོ་གཉེར་གྱི་ཡོད། གྲོང་རྡལ་དེས་རྒྱུན་དུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང་སྙིང་གཏམ་ཤོད་རེས་བྱེད་པ་དང་། མང་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་དང་རེ་འདོད་བྱེད་ཕྱོགས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་མང་ཚོགས་ཀྱི“འགག་རྩའི་དོན་ཆུང”དུས་ཐོག་ཏུ་གོང་ཞུ་བྱེད་པ་དང་འབྲེལ་མཐུན་སྦྱོར་ངང་ཐག་གཅོད་བྱེད་ཀྱི་ཡོད། གཞན་ཡང་གྲོང་རྡལ་དེས་ད་དུང་ཏང་ཡོན་དང་བླངས་པའི་ཞབས་ཞུ་རུ་ཁག་བཙུགས་པ་དང་ཀྲི་པུའུ་ཁག་ཏུ་ཡན་ལག་རུ་ཁག་བཙུགས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་གཙང་སྦྲ་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་ནས་གཟའ་འཁོར་རེའི་རེས་གཟའ་ཟླ་བར་ཉེ་འགྲམ་དུ་གཙང་སྦྲ་བྱེད་པ་དང་ཟླ་བ་རེར་ཁྱོན་ཡོངས་ལ་གཙང་སྦྲ་ཐེངས་རེ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་བཀྲག་མདངས་འཚེར་ས་བསྣན་གྱི་ཡོད།

    གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད་འགྲམ་གྲོང་རྡལ་གྱིས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བའི་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཚན་ཁག་གི་ཁོངས་མི་1གིས་ཁག་བགོས་དོ་དམ་བྱ་རྒྱུ་གཏན་འཁེལ་བྱས་པ་དང་འབྲེལ། ལས་བྱེད་པ་6ཆེད་མངགས་བཀོད་སྒྲིག་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ཞིབ་ཕྲའི་ལས་དོན་ཁག་དོན་འཁྱོལ་གྱི་འགན་འཁུར་དུ་བཅུག་པ་རེད།

    འགྲམ་གྲོང་རྡལ་གྱི་མང་ཚོགས་མང་ཆེ་བ་ཚོང་གཉེར་བ་ཡིན་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ནུབ་འདབས་སུ་འགྲམ་ཚོང་གྲོང་བསྐྲུན་པར་ཁྱོན་ཁྲོམ་བཀྱག་156ཡོད་པ་དེས་ཁྱིམ་ཚང་146གི་ཚོང་གཉེར་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། 2015ལོའི་ཟླ་6པར་ཚོང་གཉེར་བྱས་པ་ནས་བཟུང་འགྲམ་ཚོང་གྲོང་ལ་ཚོང་གཉེར་ཡོང་འབབ་སྒོར་ཁྲི་3800ལྷག་ཙམ་བྱུང་བ་རེད།

    མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། འགྲམ་གྲོང་རྡལ་གྱི་གྲོང་མི་ཨུ་ལྷན་བཞི་ཚང་མར་དཔེ་དེབ་ཁང་བཙུགས་པ་དང་དཔེ་དེབ་ཁང་ཁག་ཏུ་སྤྱིར་དཔེ་དེབ་300ལྷག་ཙམ་ཡོད་པ་ལས་མང་ཚོགས་ཀྱིས་དཔེ་དེབ་དང་ཚགས་པར་ལྟ་ཀློག་བྱ་རྒྱུར་ཞབས་འདེགས་ཞུ་བཞིན་ཡོད། གྲོང་མི་ཨུ་ལྷན་ཚང་མར་ད་དུང་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཀྱི་ཆེད་མངགས་པ་བཀོད་སྒྲིག་བྱས་ཏེ“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དུས་བཀག་ལྟར་ཏང་གི་ལོ་རྒྱུས་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་ཀྱི་སྒྲོག་འགྲེལ་ལས་དོན་སྤེལ་གྱི་ཡོད།

    འགྲམ་ཁུལ་གསར་ནས“ཐོན་ལས་དར་ཞིང་རྒྱས་པ་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགྲམ་གྲོང་རྡལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འབུངས་ཡར་བརྩོན་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་དྲིན་ཚོར་དང་འབད་འབུངས་ཡར་བརྩོན་བྱེད་པ་དང་། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།