2021ལོའི་ཟླ་2ཚེས་25ཉིན། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིང་ཁུལ་གློག་གི་ལས་དོན་པུའུ་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་བཟང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། དེ་ནི་རྒྱལ་ཁབ་གློག་དྲ་ཀུང་སིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་རམ་འདེགས་བྱས་པའི་གཟེངས་བསྟོད་ཡག་ཤོས་ཤིག་རེད།
2021ལོ་ནས་བཟུང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བོད་ཀྱི་ཞིང་འབྲོག་ཁུལ་གྱི་གློག་དྲ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་རླངས་ཅན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་ཐབས་ལམ་མང་པོ་བརྒྱུད་ཞིང་འབྲོག་ཁུལ་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་རམ་འདེགས་པ་དང་། རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་ཁག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་གཏོང་ཞབས་ཞུ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ལ་ནུས་ཤུགས་སྦྱིན་ཡོད།
གྲོང་གསེབ་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་བརྩོན་བྱས་པ།
ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མགོ་ལ་ཤང་ངོ་ཡུལ་གྲོང་ཚོས་དེ་སྔོན་ཆུ་ཤུགས་གློག་ཁང་ཆུང་གྲས་ལ་བརྟེན་ནས་གློག་མཁོ་འདོན་བྱེད་ཀྱི་ཡོད་སྟབས་ལོ་ལྟར་དགུན་དུས་ཆུ་དཀོན་པའི་དུས་སུ་སླེབས་སྐབས་གློག་བརྟན་པོ་མེད་པ་དང་། གློག་ཡང་ཡང་ཆད་པ། ཤུགས་ཚད་ཆེ་བའི་གློག་ཆས་སྤྱོད་མི་ཐུབ་པ་སོགས་འཚོ་བའི་གློག་ཀྱང་འགན་ལེན་ནུས་ལྡན་མི་ཐུབ་པས་སྐབས་ཤིག་རིང་ས་གནས་དེ་གའི་མི་སེར་ཚོའི་དཀའ་ངལ་ཆེ་ཤོས་ལ་གྱུར་ཡོད།
ཞིང་འབྲོག་ཁུལ་གྱི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི“གློག་གནོན་དམའ་བ”དང་གློག་དྲའི་གློག་ཤིང་བརྟན་པོ་མེད་པའི་གནད་དོན་ཐག་གཅོད་བྱ་ཆེད། རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་གཏོང་ཀུང་སིས་ཞིང་འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་པའི་འཚོ་བ་གློག་རླངས་ཅན་ལ་འགྱུར་ཚད་གློག་ཤུགས་ཀྱི་འགན་ལེན་བྱས་པ་རེད།
ངོ་ཡུལ་གྲོང་ཚོར་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་གློག་སྤྱོད་ཐུབ་པ་ནས་བཟུང་གྲོང་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
གློག་གི་སྤུས་ཚད་མཐོ་རུ་ཕྱིན་པ་དེས་མང་ཚོགས་ཀྱི་ཡོང་འབབ་བརྟན་དུ་སོང་བ་མ་ཟད། ད་དུང་འཚོ་བ་དེ་བས་སྟབས་བདེ་རུ་སོང་ཡོད། གྲོང་མི་ཕུར་བུ་རྡོ་རྗེས“སྔོན་ཆད་ཆུ་ཤུགས་གློག་ཁང་ནས་གློག་གཏོང་སྐབས་བརྙན་འཕྲིན་དང་གློག་སྒྲོན་མ་གཏོགས་དེ་མིན་གྱི་ཤུགས་ཚད་ཆེ་བའི་གློག་ཆས་སྤྱོད་ག་ལ་ཐུབ། ད་ཆ་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་གློག་སྤྱོད་རྒྱུ་ཡོད་པས་གོས་འཁྲུད་འཕྲུལ་འཁོར་དང་། འཁྱག་སྒམ། གློག་གི་བག་སླང་སོགས་གློག་ཆས་མང་པོ་སྤྱད་ཀྱང་གློག་ཤུགས་ཀྱིས་ཐེག་མི་ཐུབ་པའི་སེམས་ཁྲལ་བྱེད་དགོས་མེད”ཅེས་བཤད།
བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་ལས་འགན་ཁག་29ལེགས་སྒྲུབ་བྱས་ནས་རྫོང་18དང་། ཤང་70 དུད་ཚང་14000ལྷག་ཙམ། མི་73000ལྷག་ཙམ་བཅས་ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་དང་ཞི་ལྷོད་དུ་བཏང་ནས་གློག་མཁོ་འདོན་ལ་བློས་འགེལ་ཆོག་ཚད་99.42%ཟིན་ཏེ་གྲོང་གསེབ་དར་རྒྱས་ལ་སྲ་ཞིང་བརྟན་པའི་གློག་ཤུགས་ཀྱི་འདེགས་སྐྱོར་བྱས་ཡོད།
གྲོང་མིའི་ཁང་པའི་ནང་གི་གློག་སྐུད་གསར་དུ་བརྗེས་པ།
“ང་ཚོའི་ཁྱིམ་གྱི་གློག་སྐུད་ཕར་ཁྲིད་ཚུར་ཁྲིད་བྱས་ནས་སྡོམ་དྲ་ལྟ་བུ་རེད། གྲོང་སྡོད་ལས་དོན་རུ་ཁག་གིས་ཁྱིམ་ཚང་ཚང་མར་གློག་སྐུད་གསར་པ་དང་། གློག་སྒོ་གསར་པ། ནུས་རྒྱུ་གྲོན་ཆུང་གི་ཤེལ་ཏོག་གསར་པ་བཅས་བརྗེས་སོང་བས་བལྟས་པ་ཙམ་གྱིས་གྲལ་སྒྲིག་པོ་ཡོད་པ་མ་ཟད་བློ་ཡང་བདེ་པོ་འདུག”ཅེས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་ཡིད་འོང་དཔལ་གྲོང་ཚོའི་གྲོང་མི་ཟླ་བས་སྒྱུར་བཀོད་བྱས་ཟིན་པའི་གློག་སྐུད་གསར་པར་ལྟ་བཞིན་སེམས་འགུལ་ཆེན་པོས་བཤད།
2021ལོའི་ཟླ་2པའི་ཟླ་འགོར། རྒྱལ་ཁབ་གློག་དྲ་སྦ་ཧོར་གློག་གཏོང་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཡིད་འོང་དཔལ་གྲོང་ཚོའི་དུད་ཚང་ཁག་ཏུ་སྐྱོད་སྐབས། གྲོང་ཚོ་དེའི་གྲོང་མི་མང་ཆེ་བའི་ཁང་པའི་ནང་གི་གློག་སྐུད་རྙིང་པ་ཡིན་པ་དང་། གློག་སྐུད་ཟང་ཟིང་ཁྲིད་པ། གློག་སྐུད་ཀྱི་ནང་སྐུད་ཕྱིར་དོན་པ་སོགས་མི་མངོན་རྐྱེན་ངན་ཆེན་པོ་ཡོད་པ་ཤེས། དེའི་ཐད་རྒྱལ་ཁབ་གློག་དྲ་སྦ་ཧོར་གློག་གཏོང་ཀུང་སིས་གྲོང་སྡོད་ལས་དོན་རུ་ཁག་དང་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་ཚོ་དེའི་དུད་ཚང་23གྱི་གྲོང་མིའི་ཁྱིམ་གྱི་གློག་སྐུད་སྒྱུར་བཀོད་བྱས་པ་དང་འབྲེལ་གློག་སྒོ་གསར་ཤོས་དང་ནུས་གྲོན་ཤེལ་ཏོག་གསར་པ་བསྒར་བ་རེད།
2021ལོ་ནས་བཟུང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གྲོང་སྡོད་ལས་དོན་ལ་སྐུལ་འདེད་བཏང་ནས་གྲོང་སྡོད་ལས་བྱེད་པ་45ལེགས་འདེམས་ཧྲག་སྒྲིག་བྱས་པ་དང་། ཏང་ཀྲི་པུའུ་305དང་གྲོང་སྡོད་བྱ་ཡུལ་ཆ་སྒྲིག་མཉམ་སྐྲུན་སྒྲིག་འཛུགས་བྱས་པ། ཞལ་འདེབས་སྒོར་ཁྲི་20.14གྲབས་གསོག་བྱས་པ། གྲོང་ཚོ་18ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་179ལ་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་ཐེངས་21སྤེལ་བ། གྲོང་སྡོད་བྱ་ཡུལ་མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་བྱས་ཡོད།
གྲོང་མིའི་ཕྱུག་འགྱུར་ལམ་བུ་ཡངས་སུ་བཏང་བ།
ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་ཁུལ་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དེ་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་ཡོད། དེ་ནི་བོད་ཀྱིས་ས་བབ་ཤིན་ཏུ་མཐོ་ལ་རང་བྱུང་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་གཙོ་གནད་ཐོག་གནས་སྤོ་བཀོད་སྒྲིག་བྱས་པའི་ཡུལ་ཞིག་རེད།
2021ལོའི་ཟླ་8པར། སྲིན་བུ་རིའི་དེང་རབས་འབྲོག་རར་གྲངས་གཞིར་བརྟེན་ནས་རྟག་ཏུ་དྲ་ཐོག་ནས་ལྟ་ཞིབ་ཚད་ལེན་བྱེད་ཐུབ། དེ་ལས་སྲིན་བུ་རིའི་རིག་ལྡན་ནུས་རྒྱུའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་ངོ་བོའི་རང་བཞིན་གྱི་ཕན་འབྲས་ཐོན་པ་མཚོན་ཡོད་ལ། སྲིན་བུ་རི་འདི་ཉིད་བོད་ཀྱི་ནུས་རྒྱུ་གཙང་མ་ཡུལ་དེ་རང་ནས་ཚོང་བ་དང་ནང་མཁོའི་ཐེག་ཚད་སྐོང་ཐུབ་པའི་དཔེ་སྟོན་རྟེན་གཞི་ཐོག་མ་དེར་གྱུར་ཡོད།
སྲིན་བུ་རིའི་དེང་རབས་འབྲོག་ར་ཚད་ཡོད་ཀུང་སིས་ལོ་གསུམ་ནང་ལག་ཡོད་བཞོན་མ་མགོ་གྲངས་3000ཟིན་རྒྱུའི་འཆར་འགོད་བྱས་ཡོད། ཀུང་སིའི་སྒྲིག་ཆས་ཀྱི་འགན་འཁུར་བ་ལི་ཡོན་པའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་4པ་ནས་5པའི་བར་བཞོན་མར་བེའུ་སྐྱེས་ནས་གློག་སྤྱོད་ཚད་མང་ཤོས་ཀྱི་དུས་ལ་སླེབས་ཡོད། དེ་ནས་འོ་མ་གྲང་ཉར་དང་། འོ་མ་འཇོ་བ། འཁྱག་གཏོང་བ་སོགས་ཀྱི་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་ངང་སྒྲིག་སྦྱོར་དང་ཚོད་ལྟའི་འཁོར་སྐྱོད་བྱས་པ་བརྒྱུད་གློག་སྤྱོད་ཚད་ཀྱང་དེ་མཚུངས་ཀྱིས་མང་དུ་འགྲོ་གི་ཡོད་ལ། གློག་དྲ་ཆེན་པོ་ནས་གློག་གཏོང་ཚད་ཀྱང་ཤུགས་ཆེར་འགྲོ་གི་ཡོད་པ་རེད།
གོམ་སྟབས་རྗེས་མར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གློག་དྲའི་ཁེ་ལས་ཀྱི་ཁྱད་ཆོས་དང་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ནས་གྲོང་གསེབ་ཀྱི་ནུས་རྒྱུ་གཙང་མ་སྤྱོད་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་། ཞིང་པའི་འཚོ་བ་གློག་རླངས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་སེལ་བ། རྒྱལ་ཁབ་ཀྱི་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལག་བསྟར་བྱེད་པར་རོགས་རམ་བཅས་བྱས་ཏེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།