དབུ་ཤོག>ཆེད་སྒྲིག
  • ཀུན་སེམས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-16

    “མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་རེད”ཅེས་ཟླ་3ཚེས་5ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་ཏང་དང་མི་དམངས་ཀྱི་འབད་འབུངས་ཡར་བརྩོན་གྱི་ལོ་རྒྱུས་ཀྱི་ཁྲོད་ནས་མུ་མཐུད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་། དངོས་འཛིན་དངོས་སྒྲུབ། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་བཤད།

    རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་ལིའུ་ཏུང་མེ་ཡིས། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི”དམིགས་ཚད་ལ་དམ་པོར་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ཏེ། ཏང་གིས་མི་རིགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་ཤུགས་སྣོན་གྱིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་འཆར་འགོད(2021ལོ་ནས་2025ལོ་བར)》སྤྱི་འདོམས་སུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། མི་རིགས་ཁག་དབར་གྱི་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་རྒྱུན་ཆད་མེད་པ་གཏོང་དགོས། དེ་དང་ཆབས་ཅིག ལས་ཁུངས་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྲོང་ཚོ(གྲོང་ལྷན)སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། དཔུང་སྡེ། ཁེ་ལས། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས་སུ་དཔེ་བཟང་ཁུལ་འཛུགས་གཏོད་དམ་འཛིན་བྱ་གཞིར་བྱས་ནས་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་གཞི་ཁྱོན་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། རིམ་པ་དེ་བས་གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། 2025ལོར་སླེབས་སྐབས་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ཚང་མ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)”དུ་སྐྲུན་པ་དང་། རྫོང(ཆུས)74རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས)དུ་སྐྲུན་པ། ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། མི་དམངས་ཚོགས་པ་བཅས་80%རིམ་པ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པར་སྐྲུན་ཐུབ་པ་བྱེད་རྒྱུ་རེད་ཅེས་བཤད།

    བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་གཞི་རྟེན་གལ་ཆེན་ཞིག་གི་ངོས་ནས། བོད་སྐྱོར་ལས་དོན་ནི་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད་ལ། “མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་རེད”ཅེས་པའི་དཔེ་མཚོན་གལ་ཆེན་འདིར་འགྲེལ་བཤད་བྱས་པ་ཞིག་ཀྱང་རེད། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རུ་སྣེ་འཁྲིད་མཁན་འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཁྲེན་ཡུང་ཐའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་ཟུག་ཡོད། ཉེ་བའི་ལོ་ཤས་རིང་གི་ལས་ཀའི་ལག་ལེན་ཁྲོད། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན་པའི”དོན་སྙིང་གལ་ཆེན་ལ་སྔར་བས་མྱོང་ཚོར་ཟབ་མོ་བྱུང་། བོད་སྐྱོར་ལས་དོན་རུ་ཁག་གིས་ཕྱོགས་གཅིག་ནས་ཐོན་ལས་བོད་སྐྱོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྔ་རྗེས་སུ་བོད་རུམ་དང་། གཏེར་ཆུ། ནས་ཀྱི་བཟའ་བཅའ་ལས་སྣོན་སོགས་ཐོན་ལས་ཁེ་ལས་ནང་འདྲེན་བྱས་པ་དང་འབྲེལ་དངོས་ཚན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཀྲི་པུའུ་ཆ་སྒྲིག མང་ཚོགས་གཉེན་འཚོལ་བཅས་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ཡོད། མིག་སྔར་འཕྱོངས་རྒྱས་རྫོང་གི་མང་ཚོགས་དུད་ཚང་100ལྷག་ཙམ་གྱིས་ལྗོངས་ཕྱིའི་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་བྱས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་200ལྷག་ཙམ་གྱིས་འཕྲིན་ཡིག་གཏོང་རེས་བྱས་ནས་གྲོགས་པོ་བསྒྲིགས་ཏེ་ལྗོངས་ཕྱི་རོལ་གྱི“སློབ་གྲོགས”བཙལ་བ། ཞིང་འབྲོག་པ་100ལྷག་ཙམ་གྱིས་ལྗོངས་ཕྱིའི་ས་གནས་ཁག་ཏུ་ཐེངས་དང་པོ་བསྐྱོད་དེ་འཕེལ་རྒྱས་དང་འགྱུར་ལྡོག་མྱོང་རོལ་བྱས་ཡོད་ཅེས་བཤད།

    “ང་ཚོ་ད་ཆའི་འཚོ་བ་ཡག་པོ་འདི་འདྲ་ཡོད་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཕྱུག་འགྱུར་བྱུང་བར། ཐུགས་རྗེ་ཆེ་ཞུ་འོས་ཤོས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་རེད”ཅེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གསེར་སྙེ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཚེ་རིང་ཆོས་སྒྲོན་གྱིས་བཤད། སྟག་རྩེ་ཆུས་སུ་སྐད་གྲགས་ཆོད་པའི་མི་རིགས་མཐུན་སྒྲིལ་དཔེ་བཟང་ཁྱིམ་ཚང་ཞིག་ཡིན་པའི་ཁོང་དང་ཁོང་གི་བཟའ་ཟླ་ཀའོ་ཡུང་ཆན་གྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བཙུགས་པའི་སྟག་རྩེ་ཆུས་གསེར་སྙེ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་དུད་ཚང་86གི་མི་300ཡི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ་མ་ཟད། ལག་རྩལ་རྐང་འཛིན་པ་28གསོ་སྐྱོང་ཡང་བྱས་ཡོད། དེ་དང་ཆབས་ཅིག མཉམ་ལས་ཁང་གིས་ས་ཞིང་མུའུ་4300ལྷག་ཙམ་ནང་བཤུག་བྱས་ནས་ཉེ་འཁོར་མང་ཚོགས་ལ་བོགས་དངུལ་སྒོར་ཁྲི་357འཕར་ཐབས་བྱས་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། མིག་མཐོང་ལག་ཟིན་གྱི་ལས་དོན་སྒྲུབ་དགོས་ལ། “སྐད་གྲགས་མེད་པའི”ལས་དོན་ཡང་འབོར་ཆེན་སྒྲུབ་དགོས་ཞེས་ནན་བཤད་གནང་ཡོད། དེར་བརྟེན་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་པའེ་ཤོན་གྱིས“ང་ཚོས་སློབ་ཁྲིད་བྱེད་སྐབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་འདིར་དམ་འཛིན་ཡག་པོ་བྱས་ནས། མི་རིགས་ཁག་གི་ཕྲུ་གུ་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི་སློབ་གསོ་རྒྱག་གི་ཡོད། སློབ་ཁྲིད་བྱེད་རིང་རོལ་རྩེད་ཞོར་ལ་སློབ་གསོ་རྒྱག་པའི་ཐབས་ཤེས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་ཕྲུ་གུ་ཚོས་དགའ་པོ་བྱེད་པའི་བྱེད་སྒོར་མཉམ་འདྲེས་ཐུབ་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་ས་བོན་ཆུང་དུས་ནས་ཕྲུ་གུ་ཚོའི་སེམས་ལ་རྩ་བ་ཚུགས་ཐུབ་པ་དང་མྱུ་གུ་འབུས་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།