བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འབད་འབུངས་ཡར་བརྩོན་གྱི་ལེའུ་གསར་ཐུན་མོང་ཐོག་རྩོམ་དགོས།
ཟླ་3ཚེས་10ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
འདི་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཨུ་ཡོན་གྱི་ཚོགས་ཆུང་དུ་ཕེབས་ནས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཏེ་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་གླེང་གནང་བ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་ནན་ཏན་དང་། གྲོས་མོལ་སྲིད་གླེང་གཏིང་ཟབ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཡོང་བ་བཅས་གནང་ཞིང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་ནས་གྲོས་ཞིབ་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་གནང་བ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་དག་གསན་པ་དང་གྲོས་བསྡུར་གནང་བ་རེད། ཚོགས་ཆེན་གྱི་གྲོས་རིམ་མདོར་བསྡུས་ཀྱང་དངོས་དོན་དང་ཕན་འབྲས་ཆེ་བས། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་ཐུབ་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བའི་འགན་སེམས་གང་ལེགས་མཚོན་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་དམིགས་བསལ་གྱི་ལེཌ་ཆ་གང་ལེགས་མངོན་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བློ་གྲོས་དང་སྟོབས་ཤུཌ་སྔར་ལས་ལྷག་པའི་སྒོ་ནས་གཅིག་ཏུ་འགྲིལ་ཡོད།
མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མུ་མཐུད་འགྲོ་བཞིན་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་གཉིས་མཉམ་དུ་འདྲེས་པ་དང་། དཔལ་འབྱོར་གོ་ལ་ཅན་ལ་རྦ་རླབས་གྱེན་ལྡོག་གི་གནས་ཚུལ་འཕྲད་པ། རྒྱལ་ཁབ་ཆེན་པོའི་དབར་གྱི་འཐབ་རྩོད་ཉིན་བཞིན་ཛ་དྲག་ཏུ་སོང་བ། འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པར་སླེབས་སྟབས། རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཀྱང་ཆེན་པོ་ཡོད་མོད། འོན་ཀྱང་ང་ཚོས་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་འཐབ་ཇུས་རང་བཞིན་གྱི་མཐུན་རྐྱེན་མང་པོ་ལྡན་པ་མཐོང་བར་བྱེད་དགོས་པ་སྟེ། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས། སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱས་ཏེ། ཉེན་ཁ་དང་འགྲན་སློང་ཆེན་པོ་སྣ་ཚོགས་ལ་བབ་བརླིང་ངང་ཁ་གཏད་གཅོག་པར་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཐུབ་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཡོད་པས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་ལག་ལེན་ཁྲོད་ནས། རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་སྔར་ལས་འབུར་དུ་མངོན་པ་དང་། “ཀྲུང་གོའི་སྐྱོང་ལུགས”དང“ནུབ་ཕྱོགས་ཀྱི་ཟང་ཟིང”གཉིས་བསྡུར་བ་བྱེད་སྐབས་དེ་བས་མངོན་གསལ་དོད་པ། གསུམ་ནས་མགྱོགས་མྱུར་འཕེལ་རྒྱས་རྒྱུན་མཐུད་ལས་བྱུང་བའི་གསོག་འཇོག་གི་རྨང་གཞི་བརྟན་པོ་ཡོད་པས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་སྤྱི་འབོར་ཆེ་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་བ་མ་ཟད། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའང་ཡོད་སྟབས། དུས་ཡུན་རིང་པོར་ཡག་པོ་ཡོང་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་འགྲོ་མི་སྲིད་ལ། མཉེན་ཤུགས་དང་གསོན་ཤུགས་ཀྱང་ཧ་ཅང་ཆེན་པོ་མངོན་ཡོད། བཞི་ནས་ཡུན་རིང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཡོད་པས། མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་མུ་མཐུད་བཏོད་ཡོད། ལྔ་ནས་རང་ཡིད་རང་ཆེས་དང་རང་སྟོབས་རང་སྤེལ་གྱི་བསམ་པའི་སྟོབས་ཤུགས་ཡོད་པས། ཀྲུང་གོ་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་ཆེ་རུ་སོང་བ་དང་བློ་སྟོབས་དང་། སྙིང་རུས། གདེང་ཚོད་བཅས་སྔར་ལས་ཆེ་རུ་སོང་བ། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་ཆེས་ཆེར་འཕེལ་བ་མངོན་ཡོད། དེས་ན་ང་ཚོས་མཐུན་རྐྱེན་གང་ལྡན་པ་གསལ་པོ་ཤེས་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བསམ་པ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་གོམ་ཞེང་ཆེན་པོས་མདུན་ཕྱོགས་སུ་སྐྱོད་དགོས།
ད་ལྟ་ང་ཚོ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ལ་ཕྱོགས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། དམིགས་ཚད་དང་ཇི་ཙམ་ཐག་ཉེ་བ་དང་། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ་བཅས་ཀྱི་དུས་སུ་དེ་ཙམ་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་བློ་ཁ་གཅིག་ཏུ་ཕྱོགས་པ་དང་ནུས་ཤུགས་གཅིག་ཏུ་འདོན་པའི་མཉམ་ཤུགས་ཧ་ཅང་ཆེན་པོ་ཆགས་པར་བྱེད་དགོས། མཐུན་སྒྲིལ་ལ་བརྟེན་ནས་བྱུང་བ་དང་། མཐུན་སྒྲིལ་ལ་བརྟེན་ནས་གནས་པ། མཐུན་སྒྲིལ་ལ་བརྟེན་ནས་དར་བ་བཅས་ཀྱི་མི་དམངས་སྲིད་གྲོས་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་མཚོན་རྟགས་ཤིག་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་རྒྱུ་ནི་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པ། ལམ་ལུགས་ཀྱི་ལེགས་ཆ་བེད་སྤྱོད་ནུས་ལྡན་གྱིས་མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཧུར་ཐག་དང་ཀུན་སེམས་གཅིག་ཏུ་སྒྲིལ་གང་ཐུབ་བཅས་བྱས་ཏེ། མི་དེ་བས་མང་བ་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དང་སྟོབས་ཤུགས་དེ་བས་མང་བ་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ཐུན་མོང་ཐོག་གཏོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་གཅིག་སྡུད་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་གྱི་ལེགས་ཆ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། གྲོས་མོལ་ལ་བརྟེན་ནས་ངོས་འཛིན་གཅིག་མཐུན་ཡོང་བ་དང་ངོས་འཛིན་གཅིག་མཐུན་ལ་བརྟེན་ནས་མཐུན་སྒྲིལ་སྲ་བརྟན་དུ་བཏང་སྟེ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་དུ་ཏན་ཏིག་འགྱུར་བར་བྱེད་དགོས། མཐུན་སྒྲིལ་བྱེད་པར་སྲོག་ཤིང་ཡོད་དགོས། སྲོག་ཤིང་ཡོད་ཚེ་གཞི་ནས་དམངས་སེམས་གཅིག་མཐུན་ཡོང་ཐུབ། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཀྲུང་ཧྭའི་བུ་ཕྲུག་མཐུན་སྒྲིལ་ཆེན་པོའི་སྲོག་ཤིང་དུ་གྱུར་པ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་གི་དར་ཆའི་འོག་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་ནུས་ལྡན་བྱས་ནས་དངོས་འབྲེལ་དང་། རྒྱ་ཁྱབ། དམ་ཟབ་བཅས་ཀྱི་མཐུན་སྒྲིལ་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
2022ལོར་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་རེད། ཕྱོགས་ཁག་གི་ལས་དོན་ཚང་མ་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་། ཚོགས་ཆེན་ཉི་ཤུ་པ་ཡག་པོ་འཚོག་པ། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ་བཅས་ལ་དམིགས་ཏེ་ཇུས་འགོད་བྱས་ནས་སྒྲུབ་དགོས། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས། སྲིད་དོན་ཇུས་འབུལ་དང་ངོས་འཛིན་གཅིག་མཐུན་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་ཡོང་བར་བྱེད་པ། སྤུས་ཚད་མཐོ་བའི་ཐབས་འདོན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། བརྟན་ལྷིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱ་ཆེད་ལེགས་སྐྱེས་འབུལ་དགོས།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། འབད་འཐབ་བྱས་ནས་འབྱུང་འགྱུར་གཏོད། རྒྱང་སྐྱོད་ཀྱི་ལམ་བུ་རླབས་པོ་ཆེ་གསར་པའི་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཕུགས་བསམ་དང་དད་སེམས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། ཀུན་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། ཞུམ་མེད་མདུན་སྐྱོད་ཀྱི་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་པ། བློ་གཅིག་སེམས་གཅིག་དང་སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱས་ནས་སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་གསར་པ་བརྩོན་ལེན་ཧུར་ཐག་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣