དབུ་ཤོག>ཆེད་སྒྲིག
  • ཞི་ཅིན་ཕིང་གིས་འབྲུ་རིགས་བདེ་འཇགས་སྐོར་གླེང་སྐབས་དོན་དག་མང་པོའི་དཀྱིལ་ནས་ཟས་ནི་མི་ཡི་འཚོ་རྟེན་ཡིན་ཞེས་གསུངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-03-11

    “འབྲུ་རིགས་བདེ་འཇགས་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཞིག་ཡིན། དོན་དག་མང་པོའི་དཀྱིལ་ནས་ཟས་ནི་མི་ཡི་འཚོ་རྟེན་ཡིན་ཞེས་གསུངས་པ”

    ཟླ་3ཚེས་6ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཞིང་ལས་རིགས་ཁོངས་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་གནད་དོན་གཙོ་གནད་དུ་གླེང་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འགའ་ཤས་ཀྱིས་ཕྱོགས་མི་འདྲ་བའི་ངོས་ནས་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་མ་གྲོས་གཅིག་མཐུན་ངང་གླེང་གནང་བ་སྟེ། ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ཀྱི་རྨང་རྡོ་བརྟན་པོ་འདིང་བ་དང་། ས་བོན་ལས་རིགས་ཀྱི་རང་བརྟེན་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ལ་སོགས་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་ཏན་ངང་གསན་པ་དང་སྐབས་སྐབས་སུ་ཨུ་ཡོན་ཚོ་དང་སྤེལ་རེས་ཟབ་མོ་གནང་བ་རེད།

    “སུས་ཀྲུང་གོ་སྐྱོང་གི་ཡོད་དམ”ཚང་མའི་གཏམ་བཤད་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་གནད་དོན་དེ་འདྲ་ཞིག་ལ་ལན་བསྐྱོན་པ་རེད།

    “ཀྲུང་གོས་རང་སྟོབས་རང་སྤེལ་དང་རང་ཉིད་ཀྱིས་རང་ཉིད་སྐྱོང་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་རྩ་བརྟན་པོས“ལག་པར་འབྲུ་རིགས་ཡོད་པས་སེམས་ཁྲལ་བྱེད་དགོས་མེད”“གལ་ཏེ་ང་ཚོས་རང་ཉིད་ཀྱི་ལྟོ་ཕོར་ཡག་པོ་བཏེགས་མ་ཐུབ་ཚེ་གཞན་དབང་དུ་ཚུད་སྲིད”“འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་ཀྱི་གནད་དོན་ཡིན”ཞེས་གསུངས་པ་རེད།

    ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་ས་གནས་ཁ་ཤས་ཀྱི་འགན་འཁུར་བར“འབྲུ་རིགས”དང“ཤ་ཚལ་སྒོང་གསུམ”གྱི་འགན་འཁྲི་རྦད་དེ་ཁྲོམ་རར་དཀྲིས་ཚེ་མི་འགྲིག་ལ་འབྲུ་རིགས་ཅན་དུ་འགྱུར་བ་བྱེད་མི་རུང་ཞེས་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་གནད་དོན་དེའི་སྐོར་གླེང་གནང་སྐབས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནན་པོ་བྱེད་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་། ཕྱིར་ཚོང་ཁུལ་གཙོ་བོ། ཐོན་ཚོང་དོ་སྙོམས་ཁུལ་བཅས་ཀྱིས་ལྟོ་ཕོར་མཉམ་དུ་བཏེགས་པ་དང་འགན་འཁྲི་མཉམ་དུ་འཁུར་དགོས་པའི་ནན་བཤད་གནང་བ་རེད།

    རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་རེད།

    རྨོ་ཞིང་སྲུང་སྐྱོང་གི་གནད་དོན་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁ་ཤས་གླེང་གནང་བ་སྟེ། མཚོ་བསྔོགས་ནས་མཛེས་ལྗོངས་བཟོ་བ་དང་། ཉ་རྫིང་འདྲུ་བ། གསོ་སྤེལ་ར་བ་འཛུགས་པ། མེ་ཏོག་དང་རྩི་ཤིང་། ཤིང་འབྲས། ནགས་ཚལ་བཅས་འདེབས་པ། རྨོ་ཞིང་བཟུང་སྤྱོད་ཀྱི་གང་བྱུང་གི་སྣང་ཚུལ་ཇི་ཙམ་བཀག་འགོག་བྱས་ཀྱང་ཡང་ཡང་ཐོན་པ། རྨོ་ཞིང་བཟུང་སྤྱོད་ཀྱི་ཁ་གསབ་དོ་སྙོམས་ལས་དོན་ཐད་རྫུས་མ་བཟོ་བ། མི་བདེན་རྫུན་སྒྲིག་བྱེད་པ། རྨོ་ཞིང་གང་བྱུང་དུ་བཟུང་ནས་སྡོད་ཁང་རྒྱག་མཁན་རྒྱ་ཡན་དུ་གཏོང་བ། “རྒན་རབས་ཀྱི་དཀའ་སྤྱད་འབྲས་བུ་གཞོན་རབས་ཀྱིས་བག་མེད་ལོངས་སྤྱོད་བྱེད་པར་ཕངས་སེམས་མེད་པ”ལ་སོགས་རེད།

    ཁོང་གིས་བྱེད་ཐབས་ནན་པོ་སྤྱད་དེ་རིམ་ཁག་ས་གནས་ཏང་ཨུད་དང་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་བཏང་སྟེ། རྨོ་ཞིང་མུའུ་དུང་ཕྱུར་18མིང་དོན་མཚུངས་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ད་ཕན་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟའ་བཏུང་འཕྲོ་བརླག་བཀག་འགོག་བྱས་ནས་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཐེངས་མང་བཏོན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅིའི་ངོས་ནས་གཟིགས་ན། ང་ཚོས་འབྲུ་རིགས་ལ་གྲོན་ཆུང་བྱེད་ཚད་ད་དུང་མི་འདང་བ་དང་ལྷག་པར་དུ་སྤྱི་ཚོགས་ཐོག་ད་དུང་ཟ་རྒྱགས་སྤྱོད་གསུམ་དང་། རྒྱས་གཤོམ་ལ་དང་དོད་བྱེད་པ། ངོ་སོ་འདོན་པ་བཅས་གོམས་གཤིས་ངན་པ་ཁ་ཤས་སྔར་བཞིན་ཡོད་པ་ལས་འཕྲོ་བརླག་ཆེན་པོ་གཏོང་གི་ཡོད།

    “ཀྲུང་གོ་བ་གྲོད་པ་ལྟོགས་པའི་འཚོ་བ་བསྐྱལ་ནས་ཡུན་རིང་སོང་མེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་རྗེས་སུ་སྐྱེས་པའི་ཕྲུ་གུ་དེ་དག་སུ་ཞིག་གྲོད་པ་ལྟོགས་མྱོང་མེད་དམ། འོན་ཀྱང་མི་ནི་བརྗེད་ངས་ཆེ་བ་ཞིག་རེད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ལ་དམ་འཛིན་དང་དོ་སྙོམས་ཡོང་བའི་རྣམ་པ་ཡུན་རིང་འགྱུར་མི་སྲིད་པ་དང་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཐད་སྣང་མེད་སྤུ་ཙམ་ཡང་བྱ་མི་རུང་ཞེས་ནན་བཤད་གནང་བ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།