ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་ལས། ཀྲུང་གོའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་དང་དམངས་ཡོངས་ལུས་སྦྱོང་གི་ལེའུ་གསར་པ་ཞིག་བཏོད་པ་མ་ཟད། འཕེལ་རྒྱས་ཀྱི་ཕན་འབྲས་ཆེན་པོ་ཐོན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐའེ་ཧྲན་ལུས་རྩལ་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་པེན་ཀྲི་ལེང་གིས། དགུན་དུས་ཨོ་རྩལ་འགྲན་ཚོགས་རྗེས་ཀྱི་དུས་རབས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས་རང་རྒྱལ་གྱི་གངས་འཁྱགས་དཔལ་འབྱོར་དང་གངས་འཁྱགས་ཚན་རྩལ་མཆོང་སྐྱོད་ཆེན་པོར་སྐུལ་འདེད་གཏོང་བ་དང་ཀྲུང་གོ་བ་དེ་བས་མང་པོ་གངས་འཁྱགས་ལུས་རྩལ་ལ་ཞུགས་པར་སྐུལ་ཁྲིད་བྱས་ཏེ། ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།
པེན་ཀྲི་ལེང་གིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རིང་། རང་རྒྱལ་ནས་བཟོས་པའི་གངས་འཁྱགས་ལུས་རྩལ་གྱི་སྒྲིག་ཆས་འབོར་ཆེན་ཐོན་ནས་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་ཐོན་རྫས་དང་སྒྲིག་ཆས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པས། གངས་འཁྱགས་ཚན་རྩལ་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐུལ་ཁྲིད་ཆེན་པོའི་འོག་རང་རྒྱལ་གྱི་གངས་འཁྱགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པའི་དུས་མཚམས་སུ་སླེབས་ནས། གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པའི་ངོས་འཛིན་གནང་བ་རེད།
པེན་ཀྲི་ལེང་གིས། སྲིད་ཇུས་ཀྱི་རྒྱབ་སྐྱོར་གཙོ་གནད་ལ་བཟུང་ནས་གངས་འཁྱགས་ཐོན་ལས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འབྲེལ་ཡོད་ཉོ་སྒྲུབ་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཉོ་སྒྲུབ་དཀར་ཆག་དུས་ཐོག་ཏུ་གསར་པ་བརྗེ་བ། རྒྱལ་ནང་གི་ད་ཡོད་གངས་འཁྱགས་ལུས་རྩལ་ཁེ་ལས་ཀྱི་གསར་གཏོད་ཐོན་རྫས་མིང་གཞུང་དུ་འཇུག་པ། རང་རྒྱལ་ནས་བཟོས་པའི་གངས་འཁྱགས་སྒྲིག་ཆས་བེད་སྤྱོད་བྱེད་པའི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་གངས་འཁྱགས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་གཏོང་དགོས་པ། རང་རྒྱལ་ནས་བཟོས་པའི་སྒྲིག་ཆས་ཀྱི་ཐོན་སྐྱེད་དགོས་མཁོ་འབྲེལ་མཐུད་ལས་སྟེགས་བསྐྲུན་ནས། བཟོ་སྐྲུན་ཁེ་ལས་དང་། བྲིན་ཚོང་བ། མཐའ་སྣེ་སྤྱོད་མཁན་བཅས་ཀྱི་ལྷུ་ཚིགས་ཁག་འབྲེལ་བ་དམ་ཟབ་ཀྱི་གངས་འཁྱགས་ཐོན་ལས་འཁོར་འབྲེལ་ཆགས་པར་བྱེད་དགོས་པ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྒྱབ་སྐྱོར་བརྒྱུད། ཁྲོམ་རའི་བྱེད་པོའི་གསོན་ཤུགས་གང་ལེགས་འཕེལ་བར་བྱས་ནས། གངས་འཁྱགས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།