དབུ་ཤོག>ཆེད་སྒྲིག
  • ས་གནས་ཀྱི་ཟློས་གར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-03-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “སྲོལ་རྒྱུན་རིག་གནས་དེ་བས་ཁོག་ཡངས་དང་དམངས་དང་ཉེ་བཅར་བྱས་ནས་མི་སེར་གྱི་འཚོ་བ་དང་མཉམ་འདྲེས་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧུའུ་པེ་ཞིང་ཆེན་འཁྲབ་སྟོན་ཚོགས་པའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་བ་དབྱང་ཅུན་གྱིས་གསུངས་པ་རེད།

    ཧོང་མེ་ཟློས་གར་གྱི་བསླབ་པ་རྒན་གྲས་དང་སྒྱུ་རྩལ་མཁས་ཅན་དབྱང་ཅུན་གྱིས་འགོ་བརྗོད་དུ《ཤེས་ལྡན་མི་སྣའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཧུའུ་པེའི་ས་གནས་ཀྱི་ཟློས་གར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་གྲོས་འགོ་བསྣམས་ཡོད།

    དབྱང་ཅུན་གྱིས་གསར་འགོད་པར་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་2016ལོར་ས་གནས་ཀྱི་ཟློས་གར་ཤུལ་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་འདུ་འགོད་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་ཆུང་སློབ་ཐོན་སློབ་མའི་ཁྲོད་ནས་ཟློས་གར་འཁྲབ་སྟོན་དང་རོལ་དབྱངས་གཏོང་དཀྲོལ་སློབ་མ་158བསྡུས་ཡོད། གཞན་ཡང་། ཧུའུ་པེ་སྒྱུ་རྩལ་ལས་རིགས་སློབ་གླིང་ལ་དུས་ཡུན་ལོ་7གྱི་དམིགས་བཙུགས་གསོ་སྐྱོང་བྱེད་པར་མངགས་བཅོལ་བྱས་ཡོད་ཅེས་གསུངས་བྱུང་།

    འོན་ཀྱང་། དབྱང་ཅུན་གྱིས་སེམས་ཁྲལ་བྱེད་པ་ནི་རྒྱལ་ཡོངས་ཟློས་གར་ལས་རིགས་ཀྱི་འཁྲབ་སྟོན་མི་སྣའི་ཐོབ་ཐང་སྤྱི་ཡོངས་དམའ་པོ་ཡིན་པས། ཟློས་གར་འཛིན་གྲྭར་ཡུན་རིང་སློབ་སྦྱོང་བྱས་པའི་ན་གཞོན་སློབ་མ་སློབ་མཐར་ཕྱིན་རྗེས་ལས་རིགས་གཞན་དག་བྱེད་པའི་སྣང་ཚུལ་ཧ་ཅང་ཁྱབ་ཆེན་པོ་ཡོད་པ་དེ་རེད།

    དབྱང་ཅུན་གྱིས་ཀྲུང་གོའི་ཕུལ་བྱུང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་དངོས་འབྲེལ་དར་རྒྱས་གཏོང་བར། ངེས་པར་དུ་མི་རབས་ནས་མི་རབས་བར་གྱི་སྲོལ་རྒྱུན་རིག་གནས་ལས་དོན་པས་རྒྱུན་སྲིང་ལྷོད་མེད་ངང་རྒྱུན་འཛིན་དང་། གསར་གཏོད། སྐུལ་གཏོང་བཅས་བྱེད་དགོས་པའི་ངོས་འཛིན་གནང་གི་ཡོད། མདོར་བསྡུས་ནས་བརྗོད་ན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པའི་འགག་རྩ་ནི་ཤེས་ལྡན་མི་སྣར་ཐུག་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧུའུ་པེ་ཞིང་ཆེན་ཧོང་མེ་ཟློས་གར་སློབ་གླིང་གི་ཡོན་ཀྲང་ཀྲང་ཧུའེ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད།

    ཀྲང་ཧུའེ་ཡིས་རིག་གནས་སྒྱུ་རྩལ་ཁང་དང་ཚོགས་པས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ཀྱི་ཟློས་གར་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་མིང་གཞུང་དུ་བཅུག་སྟེ། སྲིད་གཞུང་གིས་ཞབས་འདེགས་ཉོ་བ་སོགས་ཀྱི་རྣམ་པར་བརྟེན་ནས་ས་གནས་ཀྱི་ཟློས་གར་འཁྲབ་སྟོན་སྒྱུ་རྩལ་ཁང་དང་ཚོགས་པས་གྲོང་རྡལ་དང་། གྲོང་ཚོ། སྡེ་ཁུལ། སློབ་གྲྭ་སོགས་སུ་དམངས་ཕན་འཁྲབ་སྟོན་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།