ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་གྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི“ཨུ་ཡོན་གྱི་བགྲོད་ལམ”ཐེངས་གཉིས་པར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་8ཀྱིས་ཚོགས་ཆུང་གསུམ་ལ་བགོས་ནས། བརྙན་ཆས་ལ་གཟིགས་ཏེ་བཅར་འདྲི་དང་ལེན་གནང་ཞིང་། ཟོལ་མེད་ཀྱི་གཏམ་རེ་རེར་དམངས་འཚོའི་བྱ་བ་རེ་རེ་འདུས་ཤིང་། དེ་ལས་རྒྱལ་ཁབ་ཀྱི་བརྩེ་བ་ཟབ་མོ་བརྒྱུད་སྤྲོད་བྱས་ཡོད་པ་རེད།
ཧོ་ནན་ཞིང་ཆེན་མི་དམངས་སྨན་ཁང་རྒན་རྒོན་གསོ་རིག་ཁོའོ་ཡི་ཀྲུའུ་རེན་ཨུ་ཡོན་ཧོང་ཀའེ་རུང་གིས་རྒན་རྒོན་ལ་དོ་ཁུར་ཆེན་པོ་གནང་བ་སྟེ། “རྒན་རྒོན་གྱིས་ངོས་འཛིན་བྱེད་པའི་བདེ་སྐྱིད་གང་ཞིག་ཡིན་ནམ་ཞེ་ན། ངས་བལྟས་ན་དེ་སྤྲོ་སྣང་དང་དགོས་མཁོ་ཡོད་པ་དང་ཁ་འབྲལ་ཐབས་མེད་ལ། གཅིག་ཀྱང་མི་ལུས་པ་བྱེད་པ་འདི་རེད་འདུག”
སྨན་པ་གཅིག་པ་ཡིན་པའི་ཀྲུང་གོ་གསོ་རིག་ཚན་རིག་ཁང་འབྲས་སྐྲན་སྨན་ཁང་ནང་ཤེལ་ཁོའོ་ཡི་ཀྲུའུ་རེན་ཨུ་ཡོན་ཝང་ཀུའེ་ཆི་ཡིས་ནད་པ་མང་པོ་ཞིག་འབྲས་སྐྲན་དུས་མཇུག་གི་སྡུག་བསྔལ་ཚད་མེད་མྱོང་བ་མཐོང་མྱོང་ཡོད། མ་གཞི་བྱས་ན་དེ་དག་ཚང་མ་སྔོན་ནས་བརྟག་དཔྱད་བྱས་ཚེ་སྔོན་འགོག་བྱེད་ཐུབ་ཀྱི་ཡོད།
“ཐོག་མར་འབྲས་སྐྲན་ནད་ཕོག་སྐབས་མངོན་གསལ་དོད་པའི་ནད་རྟགས་གང་ཡང་ཐོན་གྱི་མེད། མི་མང་ཆེ་བར་ཚ་བ་རྒྱག་པ་དང་ཟས་ལ་དང་ག་མེད་པ་སོགས་ཀྱི་ནད་རྟགས་ཐོན་ནས་སྨན་ཁང་ལ་སྨན་བཅོས་བྱེད་པར་ཡོང་གི་ཡོད། ངན་སྐྲན་ལ་མངོན་གསལ་དོད་པའི་ནད་རྟགས་ཐོན་ཚེ་འབྲས་སྐྲན་དུས་དཀྱིལ་དང་དུས་མཇུག་ཏུ་སླེབས་ཟིན” དེས་ན་ཁོང་གིས“ང་ཚོས་རང་ཉིད་བདེ་ཐང་ཡིན་བསམ་སྐབས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲས་སྐྲན་གྱི་ཐོག་མའི་བརྟག་དཔྱད་བྱེད་དགོས་པའི”གྲོས་འགོ་བཏོན་གནང་བ་རེད།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ཨུ་ལྷན་གྱི་གྲོས་མི་ཨུ་ཡོན་ཧོ་ཆི་ཀང་གིས། ཤང་ཀང་གི་གཞོན་ནུ་ཐེན་ཅིན་དུ་སྤོ་ལོ་རྒྱག་པར་བསྐྱོད་པ་དང་ཧར་པིན་དུ་གངས་འཁྱགས་ལུས་རྩལ་ཉམས་ལེན་བྱེད་པར་བསྐྱོད་པའི་སྤྲོ་སྣང་ལྡན་པའི་མྱོང་བ་རྣམས་ས་གནས་ས་ཐོག་ཏུ་གསུངས་པ་རེད། ཁོང་གིས། ལུས་རྩལ་དང་འབྲེལ་བའི་སྤེལ་རེས་བྱེད་སྒོ་མང་ཙམ་སྤེལ་ཏེ། ལུས་རྩལ་ལ་བརྟེན་ནས་ཤང་ཀང་གི་གཞོན་ནུའི་མི་རབས་འདི་གཅིག་ཏུ་སྒྲིལ་དགོས་པ་མ་ཟད། ཤང་ཀང་གི་ལུས་རྩལ་ཐོན་ལས་ཁུག་ཆེན་ཁུལ་འཕེལ་རྒྱས་དང་སྔར་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཀྱིས། ཀུན་སེམས་གཅིག་ཏུ་སྒྲིལ་བར་བྱེད།
“འདས་ཟིན་པའི་ལོ་30ལྷག་ཙམ་གྱི་རིང་ང་ཚོས་འགྲེམས་སྟོན་བརྒྱ་གྲངས་གཉེར་ཡོད་མོད། འོན་ཀྱང་འགྲེམས་སྟོན་གང་རུང་ཞིག་ལ་ཡང་། ན་ནིང་ཀྲུང་གོ་ཀྲུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་ལྟར་གྱི་དགའ་བསུ་ཐོབ་མྱོང་མེད། ཉིན་23རིང་མི་43000ལྷག་ཙམ་འགྲེམས་སྟོན་ལ་ལྟ་བར་སླེབས་པ་ལས། སྤུན་ཟླ་ཨའོ་མོན་བས་ཀྲུང་གོ་གུང་ཁྲན་ཏང་གོང་དུ་བཀུར་བ་གང་ལེགས་མཚོན་གྱི་ཡོད”ཅེས་ཨའོ་མོན་ཐེབས་རྩ་ལྷན་ཚོགས་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨུ་ཡོན་ཝུའུ་ཀྲི་ལེང་གིས་གསུངས་པ་རེད།
“འདི་ནི་ཨའོ་མོན་གྱིས་ལོ་རྒྱུས་རིག་གནས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཡུན་རིང་མཐའ་འཁྱོངས་བྱས་པའི་འབྲས་བུ་ཞིག་རེད། ཨའོ་མོན་གྱི་གྲོང་མི་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་གིས་ཆུང་དུས་ནས‘ང་གང་ནས་ཡོང་བ’དང‘ང་སུ་ཡིན་པའི’རྩ་བའི་གནད་དོན་གཉིས་ལ་ངོས་འཛིན་ཡང་དག་བྱེད་ཀྱི་ཡོད”ཅེས་ཨུ་ཡོན་ཝུའུ་ཀྲི་ལེང་གིས་གསུངས་པ་རེད།
“ཐའེ་དབན་གཞོན་ནུ་སྔར་བས་མང་པོས་སྐམ་ས་ཆེན་པོར་ཡོང་བ་དང་དེ་གར་གཞིས་ཆགས་ནས་འཕེལ་རྒྱས་གཏོང་གི་ཡོད”ཅེས་ཨུ་ཡོན་ཅར་ཞུང་གིས་མྱོང་བ་ཟབ་མོའི་སྒོ་ནས་གསུངས་པ་དང་། ཁོང་གིས་སློབ་གྲྭར་ང་ཚོ་ནི‘སློབ་གྲོགས’ཡིན་པ་དང་། ལས་ཀར་ང་ཚོ་ནི་རོགས་ཟླ་དང་ལས་རོགས་ཡིན་པ། འཚོ་བར་ང་ཚོ་བཟའ་ཚང་ཡང་ཆགས་སྲིད། ང་ཚོ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་བཞིན་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་འགོག་ཐབས་བྲལ་ཞེས་གསུངས་པ་རེད།
ཀུན་སེམས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་སྐྱོད་སྐབས། ཀྲུང་ཧྭའི་བུ་ཕྲུག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་བ་དང་ཕྱར་བ་གྲུ་འདེགས་བྱས་ནས། དེ་བས་ཆེ་བའི་འོད་སྟོང་མུ་མཐུད་གཏོད་ངེས་རེད།