དབུ་ཤོག>ཆེད་སྒྲིག
  • བུད་མེད་ཀྱི་ཉམས་བཟང་མངོན། གངས་ལྗོངས་སུ་འོད་སྣང་འཕྲོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-09

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་བཟང་མོ་སྡེ་ཁུལ་དུ་ས་གནས་དེ་གའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་འོག་ཁྱིམ་ཚང་ཚང་མའི་བུད་མེད་ཀྱིས་གཙོ་བོ་བྱས་ནས་བཏབ་པའི་ལོ་གསར་མེ་ཏོག་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ནག་ཆུ་སོགས་སུ་བྲིན་ཁ་རྒྱུག་པ་དང“ལོ་གསར་མེ་ཏོག་གི་ཕ་ཡུལ”ཞེས་པའི་མཚན་སྙན་གངས་ལྗོངས་ས་མཐོར་གྲགས།

    བཟང་མོ་སྡེ་ཁུལ་ནི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་བཏང་བའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་འཛིན་ནན་པོ་བྱས་ནས། རྒྱ་ཆེའི་བུད་མེད་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ཏུ་བྱས་རྗེས་རབ་དང་རིམ་པ་བཞག་ཡོད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་དང་མཉམ་དུ《“གྲོང་གསེབ་དར་རྒྱས་ཀྱི་བུད་མེད་བྱ་སྤྱོད”ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་སྟེ། “རྒྱལ་ཡོངས་རིམ་པའི་བུད་མེད་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི”3བཙུགས་པ་དང་། རང་སྐྱོང་ལྗོངས་རིམ་པའི“བུད་མེད་ལས་གཏོད་གསར་གཏོད་ཀྱི་དཔེ་སྟོན་རྟེན་གཞི”4བཙུགས་པ། “བུད་མེད”རྟགས་ཅན་གྱི་མཉམ་ལས་རྩ་འཛུགས་ལ་མ་དངུལ་སྒོར་ཁྲི་46རྒྱབ་སྐྱོར་བྱས་ཡོད། བུད་མེད་ཀྱི་བྱས་རྗེས་འཇོག་མཁན་དཔེ་དམག་དང་། བུད་མེད་ཕྱུག་འགྱུར་འཇོན་ཐང་ཅན། བུད་མེད་ཀྱི་ཤེས་དཔལ་ལས་གནས། བུད་མེད་ཀྱི་བྱས་རྗེས་འཇོག་མཁན་སྔོན་ཐོན་མཉམ་སྡེབ་བཅས་དཔྱད་འདེམས་དང་གཟེངས་བསྟོད་བྱས་པ་བརྒྱུད། རྒྱ་ཆེའི་བུད་མེད་ཚོ་གསར་གཏོད་ལས་གཏོད་ནང་ཧུར་ཐག་ཞུགས་རྒྱུར་ལྕག་སྐུལ་བྱས་ཡོད།

    2021ལོའི་ཟླ་12ཚེས་4ཉིན་རང་སྐྱོང་ལྗོངས་ཀྱི་བུད་མེད་ཁྱིམ་ལས་ཞབས་ཞུའི་ངལ་རྩོལ་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ལྷ་ས་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད། བྱེད་སྒོའི་སྐབས་ཚང་མས་བོད་ཀྱི་དུས་རབས་གསར་པའི་བུད་མེད་ཚོའི་བྱང་ཆུབ་པའི་ལག་རྩལ་དང་ཁྱད་དུ་འཕགས་པའི་ཆེད་ལས་རྩལ་ནུས་ངོམ་པ་མ་ཟད། “གསེར་གྱི་རྟགས་མའི་ཟས་སྣ་སྡེབ་མཁན”གྱི་ཟས་སྣ་སྡེབ་སྦྱོར་རྩལ་ནུས་འགྲན་བསྡུར་ཆེ་མོ་དང་། བུད་མེད་ཀྱི་ཁྱིམ་ལས་སྤྱི་གཉེར་བའི་འགྲན་བསྡུར་ཆེ་མོ། བུད་མེད“མགྲོན་ཁང་ཡག་ཤོས”(ཁྱིམ་ཚང་མགྲོན་ཁང)ཀྱི་ཞབས་ཞུའི་ནུས་རྩལ་འགྲན་བསྡུར་ཆེ་མོ་བཅས་འགྲན་བསྡུར་ཆེ་མོ་གསུམ་གྱི་བྱ་དགའ་དཔྱད་འདེམས་བྱས་ཡོད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས། ཁྱིམ་ལས་ཞབས་ཞུའི་ལས་དོན་པའི་ཁྲོད་བུད་མེད་ཀྱིས་80%ཡན་བཟུང་བ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་འདི་ཉིད་བུད་མེད་ཚོའི“ཁྱིམ”ཡིན་པའི་ངོས་ནས་བུད་མེད་ཀྱི་ཁྱིམ་ལས་ཁེ་ལས་དང་ཁྱིམ་ལས་ཞབས་ཞུའི་མི་སྣའི་ཁྲོད་བསྐྱོད་དེ་ཁོང་ཚོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཁེ་ཕན་གྱི་དགོས་མཁོ་ཤེས་རྟོགས་བྱས་ནས། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་གཏུག་བྱས་ཏེ་འབྲེལ་ཡོད་གནད་དོན་དང་དཀའ་ངལ་མཐུན་སྦྱོར་སྒོས་ཐག་གཅོད་བྱེད་རོགས་བྱས་པ་དང་ཁྱིམ་ལས་ཞབས་ཞུ་བའི་བློས་འགེལ་ཆོག་པའི་སྙིང་ཉེ་བ་དང“ཁྱིམ་མི”ཡག་པོ་ཞིག་བྱས་ཡོད་ཅེས་བརྗོད་བྱུང་།

    ཁྱིམ་ལས་ཞབས་ཞུའི་འབྲེལ་ཡོད་གསོ་སྦྱོང་བྱས་པ་ཕུད། 2021ལོར་ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ད་དུང་ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་གསོ་ཚགས་དང་། ལག་ཤེས་འཁེལ་འཐག དྲ་ཐོག་ཚོང་དོན་གྱི་ཐད་གཏོང་། གསར་གཏོད་ལས་གཏོད་སོགས་ཀྱི་གསོ་སྦྱོང་རབ་དང་རིམ་པ་བྱས་ནས། བུད་མེད་རྣམས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། བུད་མེད་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱས་པ། རྒྱ་ཆེའི་བུད་མེད་ཀྱིས་གྲོང་གསེབ་དར་རྒྱས་ལ་ནུས་པ་སྔར་བས་ཡག་པོ་འདོན་རྒྱུར་སྣེ་ཁྲིད་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཁག་ཐེངས་37གཉེར་བ་དང་། འགྲོ་གྲོན་སྒོར་ཁྲི་405བཏང་བ། མི་3880ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།

    བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། 2021ལོར་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2021ལོ་ནས་2025ལོའི་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་རྩོམ་སྒྲིག་བྱེད་འགོ་བརྩམས་ཤིང་། བུད་མེད་ཀྱི“འབྲས་སྐྲན་གཉིས”གྲལ་བཤེར་སྨན་བཅོས་དང་ལོ་13ནས་14བར་གྱི་སློབ་གྲྭར་འགྲོ་མུས་ཀྱི་བུ་མོའི་HPVརིམས་འགོག་སྨན་ཁབ་རིན་མེད་ངང་རྒྱག་པ་དེ་རང་སྐྱོང་ལྗོངས་སྲིད་གཞུང་གི་དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི་ནང་འཇུག་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རིམ་གསུམ་སྲིད་དོན་ཚོམས་ཆེན་དུ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་སྐར་ཁུང་བཙུགས་པ་དང་། 12338བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་སྤྱི་ཕན་ཐད་སྦྲེལ་ཁ་པར་དེ་12345སྲིད་གཞུང་གི་ཐད་སྦྲེལ་ཁ་པར་དང་སྦྲེལ་མཐུད་བྱས་ནས་12338ཐད་སྦྲེལ་ཁ་པར་ཆུ་ཚོད་24རིང་ཆེད་མིས་ལེན་ཐུབ་པར་བྱས་ཡོད། ལྗོངས་ཡོངས་སུ“བུད་མེད་ཀྱི་ཡིག་འབུལ་ཞུ་བཅར་ལས་ཚབ་པའི”དཔུང་ཁག་དང་། “ཁྱིམ་ཚང་ཁྲིམས་ར” “བཅའ་ཁྲིམས་རོགས་སྐྱོར”ལྟེ་གནས་བཅས་བཙུགས་པ་དང་། ཁྲིམས་ཁང་ཁོངས་གཏོགས་སུ“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་མཉམ་གྲོས་ཁྲིམས་ར”བཙུགས་པ། ཁྲིམས་འཛིན་ཁོངས་གཏོགས་སུ་བུད་མེད་ཀྱི་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་བཙུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད། “བོད་ཀྱི་བུད་མེད”སྐད་འཕྲིན་གྱི་སྤྱི་རྟགས་སུ“ཨ་ཅག་སློབ་ཁང”ཞེས་པའི་བོད་སྐད་ཀྱི་ཐད་གཏོང་ལེ་ཚན་བཙུགས་ནས་བཅའ་ཁྲིམས་དང་། འཚར་ལོངས། ལས་ཞུགས། གཉེན་སྒྲིག ཁྱིམ་ཚང་སོགས་འབྲེལ་ཡོད་ནང་དོན་བློ་འདྲི་དང་མཛུབ་ཁྲིད་ཞབས་ཞུ་བྱས་ནས་དྲ་ཐོག་ནས་བསམ་བློར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བས། 2021ལོ་ཧྲིལ་པོར་དཔེ་དེབ་ལྟ་ཀློག་བྱེད་མཁན་མི་ཐེངས་ཁྲི་29ཟིན་ཡོད་པ་རེད།

    རྩ་འཛུགས་འཛུགས་སྐྱོང་ཐད། 2021ལོར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་697གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ས་ཁོངས་ཅན་གྱི་འཛུགས་སྐྱོང་དང་གྲོང་ཚོ(གྲོང་ལྷན)5535ཡི“བུད་མེད་འཐུས་ཚོགས་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་སྒྱུར་བའི”ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། ལོ་ཧྲིལ་པོར་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་5གཉེར་ནས་མི་1000ལྷག་ཙམ་ལ་གསོ་སྦྱོང་བྱས་པས། གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། ཆབ་སྲིད་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ། ཆབ་སྲིད་ཀྱི་འགན་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་བ། འགན་འཁྲི་སྒྲུབ་ནུས་སྔར་བས་ཆེ་རུ་བཏང་ཡོད། “གང་དུ་བུད་མེད་ཡོད་ན་དེ་གར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ཡོད་དགོས་པའི”བླང་བྱ་ལྟར། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཛུགས་དགོས་རིགས་འཛུགས་པ་དང་སྟབས་བསྟུན་གསར་འཛུགས་མཐའ་འཁྱོངས་ཀྱིས་བུད་མེད་གཅིག་སྡུད་ཆེ་ཙམ་གྱི་ལས་རིགས་ཁྱབ་ཁོངས་དང་། “གསར་གཉིས”རྩ་འཛུགས། ཁྱབ་ཁོངས་གསར་པ་བཅས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་1400ལྷག་ཙམ་བཙུགས་ནས་ཚོགས་པའི་ཁོངས་མི་30ལྷག་ཙམ་འཕེལ་རྒྱས་བཏང་བ་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་ཚད་ལྡན་ཅན་གྱི“བུད་མེད་དང་བྱིས་པའི་ཁྱིམ་ཚང”25བཙུགས་པས། རྩ་འཛུགས་ཁྱབ་ཚད་དང་ལས་དོན་ཁྱབ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།

    དུས་རབས་གསར་པར་གཞི་ཚུགས་ནས་བྱས་རྗེས་གསར་པ་འཇོག་དགོས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་གཞི་རིམ་ལ་གཞི་ཚུགས་པ་དང་། བུད་མེད་དང་ཉེ་བཅར། བུད་མེད་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་རྒྱ་ཆེའི་བུད་མེད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།