“ཁྱེད་རང་ཚོགས་གཙོར་ཇི་ལྟར་བདམས་པ་རེད་དམ”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛུམ་བཞིན་དུ་ཁོང་གི་ཁ་སྤྲོད་དུ་ཡོད་པའི་ཨུ་ཡོན་ཝང་ཅིང་ལ་བཀའ་འདྲི་གནང་།
ཝང་ཅིང་ནི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཞིབ་འཇུག་པ་ཞིག་རེད་ལ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི“གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་ཀློག་ཚོགས་པའི”ཚོགས་གཙོ་ཡང་རེད།
“ཧུར་བརྩོན་ཅན་ཡིན་པའི་དབང་གིས་མང་ཚོགས་ཚོས་འོས་སྦྱོར་བྱས་པ་རེད”ཅེས་ཁོང་གིས་ལན་བརྒྱབ།
ཚོགས་པའི་ནང་རྒྱུན་དུ་ཤོད་པའི་གླེང་གཞི་ནི་འབྲུ་རིགས་སྐོར་རེད། ད་ཐེངས་ཁོང་གི་གཏམ་བཤད་ཀྱི་ཁ་བྱང་ཡང་འབྲུ་རིགས་དང་འབྲེལ་བ་ཡོད་དེ《ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས》ཞེས་པ་དེ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསན་གྱིན་དུ་ཟིན་བྲིས་བཀོད་གནང་།
ཞིང་ལས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན། རྩ་བ་བརྟན་ན་རྒྱལ་ཁབ་བདེ་ལ་འཁོད། སྤྱི་ཁྱབ་ཧྲུའུ་ཅིས་ལོ་འདི་དག་རིང་རྒྱུན་དུ་ནས“འབྲུ་རིགས་བདེ་འཇགས་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང”ཞེས་བསླབ་བྱ་ཡང་ཡང་གནང་ཡོད།
གྲངས་གཞི་འདི་དག་ལ་གཟིགས་དང་། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱིས་འཛམ་གླིང་གི་རྨོ་ཞིང་9%དང་། ཚྭ་མེད་ཆུའི་ཐོན་ཁུངས་6%ལ་བརྟེན་ནས་འཛམ་གླིང་གི་མི་འབོར་ལྔ་ཆ་གཅིག་ཙམ་བསྐྱངས་ཡོད། སྔོན་མ་མི་དུང་ཕྱུར་4ལྟོས་གྲོད་པ་མི་རྒྱགས་པ་ནས་ད་ཆའི་མི་དུང་ཕྱུར་14ལྷག་ཙམ་ལ་ཟ་རྒྱུ་ཡག་པོ་ཡོད་པའི་ཐོག་ནས། “སུས་ཀྲུང་གོ་གསོ་དགོས་པའི”གནད་དོན་ལ་ལན་ནུས་ལྡན་བཏབ་ཡོད།
“སུས་ཀྲུང་གོ་གསོ་དགོས་སམ། ཀྲུང་གོས་རང་སྟོབས་རང་སྤེལ་དང་རང་ཉིད་ལ་བརྟེན་ནས་འཚོ་ཐབས་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ནི་ཚིག་གསལ་ཞིང་ཤུགས་དང་ལྡན་པ་ཞིག་ཡོད།
བདེ་བའི་དུས་སུ་ཉེན་ཁ་བསམ་པ་དང་ཞི་བའི་དུས་སུ་ཟིང་ཆ་དྲན་དགོས། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་རྩིས་ཁྲ་ཆེན་པོ་དང་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་ཆེན་པོ་དང་འབྲེལ་བ་ཡོད་པ་ཞིག་རེད།
“འབྲུ་རིགས་བདེ་འཇགས་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཞིག་རེད། དོན་དག་མང་པོའི་དཀྱིལ་ནས། ཟས་ནི་མི་ཡི་འཚོ་རྟེན་ཡིན”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངས་འབྲུ་རིགས་མང་ཉུང་ཇི་ཙམ་བྱུང་བ་ནི་འཐབ་རྩལ་གྱི་གནད་དོན་དང་འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་ཀྱི་གནད་དོན་ཞིག་རེད་ཅེས་ནན་བཤད་ཡང་ཡང་བྱས་མྱོང་། རང་རྒྱལ་དུ་སྤྱི་ཚོགས་བརྟན་ལྷིང་དང་མི་སེམས་ལྷིང་འཇགས་མངོན་འགྱུར་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་ང་ཚོའི་ལག་པར་འབྲུ་རིགས་ཡོད་པས་སེམས་ཁྲལ་བྱེད་དགོས་མེད་པ་དེ་རེད”ཅེས་སེམས་བཟང་ཚིག་ནན་ངང་གསུངས་པ་རེད།
ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁར་ལྟ་སྐབས། མི་རྣམས་ལ་སེམས་སྡུག་འབྱིན་པའི་སྣང་ཚུལ་ཁ་ཤས་ཡོད་པ་དེ་དག་སྤྱི་ཁྱབ་ཧྲུའུ་ཅིས་སྔར་ནས་ཐུགས་ལ་བཞག་ཡོད་ཅིང་། ད་ཐེངས་རེ་རེ་བཞིན་གསུང་སྐབས་ཁོང་གི་ཞལ་མདོག་སྒམ་པོར་འགྱུར།
“འཁུར་དགོས་པའི་འགན་འཁྲི་ངེས་པར་དུ་ཕྲག་ཐོག་ཏུ་ཁུར་དགོས”བཀའ་མོལ་འདིར་གོ་རྒྱུ་ལྷག་པོ་ཆེ་ཡོད་དེ“ཡོང་འབབ་ཁོ་ན་བསགས་ཏེ་ཤ་ཚལ་སྒོང་གསུམ་དང་ཟ་འབྲུའི་འགན་འཁྲི་རྦད་དེ་ཁྲོམ་རར་སྤྲོད་མི་རུང”ཞེས་པ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་བཟོ་ལས་ཅན་དེ་འབྲུ་མེད་ཅན་དུ་གཏན་ནས་བསྒྱུར་མི་རུང་བའི་བསླབ་བྱ་གསལ་པོ་གནང་ཡོད།
“ངེས་པར་དུ་རང་རྟེན་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་ཚོད་འཛིན་ཐུབ་པའི་རང་མཁོ་རང་སྤྲོད་ཀྱི་འབོར་ཚད་དང་རང་མཁོ་རང་སྤྲོད་ཐུབ་ཚད་འགན་ལེན་བྱེད་དགོས”མི་ལ་ལས་རྒྱལ་སྤྱིའི་ཐོག་ཟོག་ཁུངས་འབེལ་པོ་ཡོད་པས་འདེབས་པ་ལས་ཉོས་ན་དགའ་ཞེས་ཤོད་ཀྱི་ཡོད། “དེ་ལྟར་ཁ་ནས་ཤོད་སྐབས་ལས་སླ་ཡང་། ཞིང་ཁར་སྲན་ཆེན་དང་། མ་རྨོས་ལོ་ཏོག སྲིང་བལ་བཅས་མ་བཏབ་ན། ཕྱིས་སུ་རྒྱལ་སྤྱིའི་ཁྲོམ་ར་ཡག་པོ་མེད་དུས་ང་ཚོས་སླར་ཡང་འདེབས་པར་ལས་སླ་པོ་ཞིག་ག་ལ་ཡོད། ལོ་གསུམ་ནས་ལྔ་ཙམ་ཞིག་མེད་ན་འཁོར་རྒྱུག་ཐུབ་ཨེ་ཡོང”ཞེས་གསུངས།
རྔ་གཡབ་ཤུགས་དང་ལྡན་པར་ན། བློ་མུན་སེལ་བའི་རྔ་སྒྲ་གྲགས།
“ས་ཆ་ཁག་གཅིག་གིས་རྨོ་ཞིང་བཟུང་གསབ་དོ་སྙོམས་ཐད་མི་བདེན་རྫུན་སྒྲིག་བྱས་ནས‘སྲིན་པོ་མིར་བརྫུས’ཀྱི་ལས་ཀ་བྱེད་པ་དང་། ས་ཆ་ཁག་གཅིག་ཏུ་སྔོ་འགྱུར་གྱི“ཐབས་མཆོག་མན་ངག”ཡོད་པར་རློམ་ནས་མཚེའུ་མེད་ན་ཡིན་ཅིག་ཞིང་ས་གཤིན་པོ་བཟུང་ནས་མཚེའུ་འདྲུ་བ། ཁག་གཅིག་གིས་མུའུ་དུང་ཕྱུར་18ཙམ་གྱི་དགོས་མཁོ་མེད་པར་ཚན་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་ན་འགྲིག་སྙམ་གྱི་ཡོད། “དེ་ནི་ཁ་བཤད་ལག་ཐོག་མེད་པའི་ཀྱལ་གཏམ་རང་རེད། གྲབས་ཉར་ཅུང་ཙམ་ཡང་མ་བྱས་ན་ག་ལ་འགྲིག ངེས་པར་དུ་བདེ་འཇགས་ཀྱི་རྟགས་གྲངས་ཆེན་པོ་ཞིག་ཡོད་དགོས། འདི་ནི་རྒྱལ་ཁབ་ཀྱི་དོན་ཆེན་རེད” “བྱ་ཐབས་ནན་པོ་སྤྱོད་དགོས”
རྨོ་ཞིང་མུའུ་དུང་ཕྱུར་18ནི་དམར་ཐིག་དང་འཐབ་ཇུས་ཀྱི་མཐའ་ཚད་ཡིན་ལ་རྒྱལ་ཁབ་ཀྱི་སྲོག་རྩ་དང་འབྲེལ་བ་ཡོད་པའི་བདེ་འཇགས་ཀྱི་ཚད་གཞིའང་རེད།
རྨོ་ཞིང་སྲུང་སྐྱོང་སྐོར་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ལྟ་བུ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཞིག་རེད། ཤར་རྒྱུད་དུ་ས་སློག་ཅིག་རྒྱག་པ་དང་ནུབ་རྒྱུད་དུ་རྡོ་སློག་ཅིག་བརྒྱབ་ནས་བསྡད་ན་རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་ཇི་ལྟར་བྱེད་ཐུབ་བམ། མི་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཕོར་བརྟན་པོ་ཇི་ལྟར་འཛིན་ཐུབ་བམ”“ཞིང་ཁ་ནི་ཞིང་ཁ་རང་ཡིན་པ་དང་། ཞིང་ཁ་ངེས་པར་དུ་ས་ཞིང་གཤིན་པོ་ཡིན་དགོས། མི་སུ་ཞིག་གིས་ཀྱང་རྨོ་ཞིང་སྲུང་སྐྱོང་ཐད་བབ་བསྟུན་སྒྱུར་བཅོས་དང་རྐང་སྙོབ་ལག་སྙོབ་གཏན་ནས་བྱེད་མི་རུང་ལ། ‘དཀའ་ལས་སྐྱ་བས་བརྒྱབ། ལོངས་སྤྱོད་ཟ་རུས་བྱས’པའང་བྱེད་མི་རུང”ཞེས་ནན་བཤད་གནང་བ་རེད།
ཧྲའན་པེ་ས་མཐོའི་གྲོང་གསེབ་ནས་ཕེབས་པས་ད་ཆའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་དེ་བས་གསལ་པོ་མཁྱེན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་སྡུག་དྲན་སྐྱིད་བསམ་གནང་ནས་དེ་སྔ་སྐེ་རགས་དམ་དུ་གཏོང་བའི་འཚོ་བ་སྐྱོ་པོ་ཕྱིར་དྲན་གནང་། “ང་ཚོ་ལྟ་བུའི་རྒྱལ་ཁབ་ཆེན་པོས་ངེས་པར་དུ་རང་ཉིད་ལ་བརྟེན་དགོས། ང་ཚོར་དཀའ་ངལ་འཕྲད་དུས་གཞི་ནས‘རྒྱུན་འཁོར་གཉིས’བྱས་པ་ཞིག་མིན་པར་ནམ་ཞག་རྒྱུན་དུ་ནས‘རྒྱུན་འཁོར་གཉིས’ནི་བརྟན་ཤོས་དང་བློས་འཁེལ་ཤོས་ཀྱི་དཔལ་འབྱོར་གྱི་བཀོད་ཇུས་ཤིག་རེད། ང་ཚོར་ངེས་པར་དུ་མཐའ་ཚད་ཀྱི་བསམ་གཞིག་ཡོད་དགོས་པ་དང་བདེ་དུས་ཉེན་ཁ་མི་བརྗེད་པ་བྱེད་དགོས། དཀའ་སྤྱད་འབད་བརྩོན་བྱས་ན་གནས་ཐུབ་ཅིང་། བདེ་ཆགས་རོལ་རྩེད་བྱས་ན་འཇིག་པར་འགྱུར”ཞེས་གསུངས།