ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཁེ་ལས་འབྲིང་ཆུང་ནི་ཀྲུང་གོས་བཏོད་པའི་འདེགས་སྐྱོར་གལ་ཆེན་དང་འཁོར་འབྲེལ་བརྟན་དུ་གཏོང་བའི་འགག་རྩའི་གནས་ཤིག་རེད། ཚེས་5ཉིན་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁུར་པོ་ཡང་གཏོང་དང་དཀའ་ངལ་སེལ་རྒྱུའི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་ཆབས་ཅིག ཁེ་ལས་ཀྱིས་གསར་གཏོད་ལ་ལྕག་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང“ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཁྱད་ལྡན་ཅན། གསར་གཏོད་ཅན”བཅས་ཀྱི་ཁེ་ལས་སྐྱེད་སྲིང་ནུས་ལྡན་བྱེད་པ་སོགས་ཕྱོགས་མང་པོའི་ཐད་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རོགས་བྱེད་པའི་ཞིབ་ཕྲའི་བྱ་ཐབས་བཀོད་སྒྲིག་བྱས་ཡོད་པ་རེད།
སྙན་སྒྲོན་ནང་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་གྱི་སྲིད་ཇུས་གསར་པ་ལག་བསྟར་བྱེད་དགོས་ལུགས་བཏོན་ཞིང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་དུས་མཚམས་རང་བཞིན་གྱི་སྒོ་ནས་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་དང་། འདི་ལོ་ཚབ་འཕྲི་ཁྲལ་འབོར་ལ་གཞི་ཁྱོན་ཆེན་པོས་ཁྲལ་སློག་རྒྱུ་ཡིན་ལུགས་སོགས་བཏོན་པ་དང་སྙན་སྒྲོན་ནང་ད་དུང་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད། ཀུན་ཕན་གྱི་དངུལ་བུན་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཡག་པོ་སྤྱོད་པ་སོགས་བྱེད་ཐབས་རབ་དང་རིམ་པས་མ་གནས་དམའ་རུ་དང་ཁུར་པོ་ཡང་དུ་གཏོང་རྒྱུར་དམིགས་ནས། ཁེ་ལས་ལ་དཀའ་ངལ་སེལ་རོགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་རྒྱུར་རོགས་རམ་བྱས་ཡོད།
“ཁྲལ་རིན་གཉིས་གཅོག་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། གཞི་རྒྱུ་གཙོ་བོ་འགན་ལེན་སོགས་ཐད་རིན་ཐང་ཆེན་པོ་ལྡན་པའི་སྲིད་ཇུས་བཟང་པོ་འབོར་ཆེན་བཏོན་ནས་དངོས་ཚན་དཔལ་འབྱོར་གྱི་དཀའ་གནད་དང་འགག་གནད་ལ་ཐད་ཀར་དམིགས་ཏེ། ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་དཀའ་ངལ་ཆུང་དུ་གཏོང་རོགས་བྱ་རྒྱུ་ཡིན་པ་ནི་དུས་ཐོག་གི་ཆར་པ་ལྟ་བུ་ཡིན་པ་སྨོས་མེད་རེད” ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཡུས་ཧའེ་ཐེན་གྱིས་གསུངས་པ་རེད།
སྙན་སྒྲོན་ནང་ཁེ་ལས་འབྲིང་ཆུང་གི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་འབྲེལ་ཡོད་བཀོད་སྒྲིག་བྱས་ཏེ། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། ཆ་གསེས་གང་བྱུང་དུ་རྒྱག་པ་བཅས་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཁེ་ལས་འབྲིང་ཆུང་ལ་དངུལ་བུན་འགྱངས་ཆད་བྱས་རིགས་གཙང་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལུགས་བཏོན་ཡོད། འཐུས་མི་དང་ཨུ་ཡོན་ཚོས་ཁེ་ལས་འབྲིང་ཆུང་གི་འཁོར་རྒྱུག་མ་གནས་དམའ་རུ་ནུས་ལྡན་བཏང་ནས་ཁེ་ལས་འབྲིང་ཆུང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་གནང་བ་རེད།
ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་རྒྱུར་དམིགས་ཏེ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་གཏོང་བ་དང་གསར་གཏོད་ལ་ལྕག་སྐུལ་བྱེད་པའི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད།
སྙན་སྒྲོན་ནང་སྣེ་འདྲེན་ཁེ་ལས་ཀྱིས་འཁོར་འབྲེལ་སྲུང་སྐྱོང་དང་འཁོར་འབྲེལ་བརྟན་གཏོང་གི་ལས་གྲྭ་ལག་ལེན་བསྟར་ནས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། “ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་མྱུར་བའི་དུས་མཚམས་གསར་པར་སླེབས་ཡོད་པས་ང་ཚོས‘འཁོར་འབྲེལ་གཙོ་བོའི’ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས། ཁེ་ལས་དེ་བས་མང་བ་གཅིག་སྡུད་བྱ་རྒྱུའི་ཡིད་དབང་བཀུག་སྟེ་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ལྡན་པའི་ལེགས་ལྡན་ཐོན་ལས་འཁོར་འབྲེལ་དང་གནས་རྟགས་རང་བཞིན་གྱི་ཐོན་ལས་ཚོགས་སྤྱི་གཏོད་རྒྱུར་རམ་འདེགས་བྱེད་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཏེ་དུས་རབས་ནུས་རྒྱུ་གསར་པའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཙེང་ཡུས་ཆུན་གྱིས་གསུངས་པ་རེད།