དབུ་ཤོག>ཆེད་སྒྲིག
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན། (གནད་བསྡུས)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-08

    ■ ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ། 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་5ཉིན་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། ད་ལོར་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རིམ་ཁྲོད་དུ་ཧ་ཅང་གལ་འགངས་ཆེ་བའི་ལོ་ཞིག་རེད། སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པ་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱིས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་དགོས། སྒྱུར་བཅོས་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ནས“བརྟན་པོ་དྲུག”དང“འགན་སྲུང་དྲུག”གི་ལས་དོན་མུ་མཐུད་ཡག་པོར་བསྒྲུབ་དགོས། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། སྤྱི་ཁོག་དཔལ་འབྱོར་ཁྱོན་ཆེན་བརྟན་པོ་ཡོང་གང་ཐུབ་བྱས་ཏེ། དཔལ་འབྱོར་ལུགས་མཐུན་བར་སྟོང་ནང་འཁོར་སྐྱོད་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡོང་བ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ■ ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིཌ་ཚད་གཙོ་བོ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་5ཉིན་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5.5%ཡས་མས་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1100ཡན་གསར་སྣོན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད་ལོ་ཧྲིལ་པོར་5.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་3%ཡས་མས་སུ་འཕར་བ་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ། ཕྱིར་གཏོང་ནང་འདྲེན་བརྟན་སྲུང་སྤུས་འདེགས་དང་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་མཐའ་འཁྱོངས་ཐུབ་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། སྦགས་བཙོག་དངོས་པོ་གཙོ་བོ་འབུད་ཚད་མུ་མཐུད་དུ་ཆག་པ། ནུས་ཁུངས་ཟད་གྲོན་འགྲོ་ཚད་ཀྱི་དམིགས་ཚད་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དུས་ཡུན་ནང་དཔྱད་ཞིབ་གཅིག་འདོམས་བྱས་ཁར། བབ་བསྟུན་གྱི་རང་བཞིན་འོས་འཚམ་ལྡན་པར་བྱེད་རྒྱུ་ཡིན་ཞིང་། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་དང་མ་རྒྱུ་ནུས་སྤྱོད་གསར་སྣོན་བྱས་པ་དག་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ནང་བཅུག་ནས་ཚོད་འཛིན་བྱ་རྒྱུ་མིན།   

    དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་དམིགས་ཚད་གཏན་འབེབས་བྱེད་པ་དེ། ལས་ཞུགས་བརྟན་པོ་དང་། དམངས་འཚོ་འགན་ལེན། ཉེན་ཁ་སྔོན་འགོག་བཅས་ཀྱི་དགོས་མཁོར་གཙོ་བོ་བསམ་གཞིགས་བྱས་པ་མ་ཟད། ཉེ་བའི་ལོ་གཉིས་རིང་གི་ཆ་སྙོམས་དཔལ་འབྱོར་འཕར་ཚད་དང་དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ཀྱི་བླང་བྱ་དང་འབྲེལ་མཐུད་བྱས་ཡོད། འདི་ནི་གཞི་གྲངས་མཐོན་པོའི་ཐོག་གི་མྱུར་ཚད་འབྲིང་མཐོའི་འཕར་སྣོན་ཡིན་པ་དང་། རང་འགུལ་གྱིས་དགོས་པའི་ལས་སྒྲུབ་པ་མཚོན་ཡོད་པས། དཀའ་སྤྱད་འབད་བརྩོན་བྱས་ན་ད་གཟོད་མངོན་འགྱུར་བྱེད་ཐུབ།

    ■ སྤྱི་ཁོག་དཔལ་འབྱོར་ཁྱོན་ཆེན་བརྟན་པོ་ཡོང་བར་ཤུགས་བརྒྱབ་སྟེ། དཔལ་འབྱོར་ལུགས་མཐུན་བར་སྟོང་ནང་འཁོར་སྐྱོད་མཐའ་འཁྱོངས་བྱེད་དགོས། 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་5ཉིན་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། སྤྱི་ཁོག་དཔལ་འབྱོར་ཁྱོན་ཆེན་བརྟན་པོ་ཡོང་བར་ཤུགས་བརྒྱབ་སྟེ། དཔལ་འབྱོར་ལུགས་མཐུན་བར་སྟོང་ནང་འཁོར་སྐྱོད་མཐའ་འཁྱོངས་བྱེད་དགོས། “བརྟན་པོ་དྲུག”དང“འགན་སྲུང་དྲུག”གི་ལས་དོན་མུ་མཐུད་ཡག་པོར་བསྒྲུབ་དགོས། སྤྱི་ཁོག་སྲིད་ཇུས་ལ་བར་སྟོང་དང་བྱེད་ཐབས་ཡོད་པ་དང་། དུས་འཁོར་ལས་བརྒལ་བ་དང་དུས་འཁོར་ལས་ལྡོག་པའི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། 

    དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། ད་ལོའི་མཚལ་ཡིག་གི་ཚད་2.8%ཡས་མས་སུ་བཀོད་སྒྲིག་བྱས་ནས་ན་ནིང་ལས་ཅུང་དམའ་རུ་ཕབ་རྩིས་ཡོད་པས། ནོར་སྲིད་ཀྱི་རྒྱུན་མཐུད་ཐུབ་པའི་རང་བཞིན་ཆེ་རུ་གཏོང་བར་ཕན་པ་ཡོད། སྔོན་དཔག་བྱས་ན་ད་ལོའི་ནོར་སྲིད་ཀྱི་ཡོང་སྒོ་མུ་མཐུད་དུ་འཕར་བ་དང་། དེའི་ཁར་དམིགས་བཙུགས་ཀྱི་གཞུང་ཁོངས་དངུལ་རྩའི་སྒྲིག་གཞི་དང་ཆེད་གཉེར་སྒྲིག་གཞིས་ཉེ་བའི་ལོ་ཤས་རིང་གི་ལྷག་འཕྲོའི་ཁེ་སྤོགས་ཁྲིམས་ལྟར་གོང་འབུལ་ཞུས་པ་དང་། སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩའི་ནང་སྤོ་འདྲེན་བྱས་པ་སོགས་བསྣན་ཏེ། གཏོང་སྒོའི་གཞི་ཁྱོན་ན་ནིང་ལས་སྒོར་དུང་ཕྱུར་ཁྲི་2ཡན་རྒྱ་བསྐྱེད་པ་དང་། བཀོལ་རུང་ནོར་ཤུགས་མངོན་གསལ་གྱིས་འཕར་སྣོན་གཏོང་རྒྱུ། གསར་སྣོན་བྱུང་བའི་ནོར་ཤུགས་གཞི་རིམ་དུ་གཏོང་དགོས་ཏེ། གཙོ་བོ་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཐད་སྤྱོད་དགོས་པ་དང་། འཛད་སྤྱོད་ལ་སྐུལ་འདེད་དང་དགོས་མཁོ་རྒྱ་བསྐྱེད་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྔར་ལས་མང་བ་ཐད་འབྱོར་ཁྱབ་ཁོངས་སུ་འཇུག་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཀྱང་གྲོང་ཁྱེར་དང་རྫོང་ལ་རྒྱབ་སྐྱོར་བྱེད་ཤུཌ་ཆེ་རུ་བཏང་ནས། ངེས་པར་དུ་གཞི་རིམ་གྱིས་ཁེ་ལས་དང་དམངས་ལ་ཕན་འདོགས་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྔར་བས་ནུས་ཤུགས་ལྡན་པ་དང་སྔར་བས་སྒུལ་ཤུཌ་ལྡན་པར་བྱེད་དགོས།

    སྲིད་གཞུང་གིས་འགྲོ་གྲོན་དམ་འཛིན་གྱི་འཚོ་བ་སྐྱེལ་བ་རྒྱུན་འཁྱོངས་བྱས་ནས་སྔར་བས་སྤྱོད་མཁས་དམངས་ཕྱུག་ཡོང་བར་བྱེད་དགོས། གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར་ཤུགས་ཆེན་བཏང་ནས་གཏོང་སྒོ་གཙོ་བོ་འགན་སྲུང་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་དགོས། ནོར་སྲིད་ཀྱི་བསགས་འབོར་མ་དངུལ་དང་བེད་མེད་དུ་བསྐྱུར་བའི་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱེད་དགོས། སྲིད་གཞུང་རིམ་པ་ཁག་གིས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་དང་ཧུར་བསྲི་གྲོན་ཆུང་བྱེད་དགོས་པ་སྟེ། ཀྲུང་དབྱང་སྲིད་གཞུང་དང་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སྣེ་ཁྲིད་བྱེད་དགོས།

    ལས་ཞུགས་སྔོན་ཐོབ་ཀྱི་སྲིད་ཇུས་ལ་ཤུགས་རྒྱག་དགོས། ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་ཤུགས་ཆེན་གཏོང་བ་དང་། ཁྲོམ་རའི་བྱེད་པོ་བརྟན་པོ་ཡོང་བར་བརྟེན་ནས་ལས་ཞུགས་བརྟན་པོ་ཡོང་བར་དོ་སྣང་བྱེད་པ་དང་། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ནོར་ཁྲལ་དང་དངུལ་རྩ་སོགས་ཀྱི་སྲིད་ཇུས་ཚང་མ་ལས་ཞུགས་སྔོན་ལ་ལག་བསྟར་བྱ་རྒྱུར་དམིགས་ཏེ། ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་ལས་གནས་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། 

    འབྲུ་རིགས་དང་ནུས་ཁུངས་བདེ་འཇཌ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་བྱེད་པ་དང་། དམངས་འཚོ་དང་ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་གཉེར་སྐྱོང་ཐད་གློག་སྤྱོད་རྒྱུ་འགན་སྲུང་བྱེད་དགོས། 

    ■ ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་སྟོན་ཕྱོགས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་5ཉིན་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། ད་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར། སྤྱི་ཁོག་སྲིད་ཇུས་བརྟན་ཞིང་ནུས་ལྡན་ཡིན་དགོས་པ་དང་། ཕྲ་མཐོང་སྲིད་ཇུས་ཀྱིས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་དགོས། གྲུབ་ཆའི་སྲིད་ཇུས་ཀྱིས་རྒྱལ་དམངས་དཔལ་འབྱོར་རེས་འཁོར་ཐོགས་མེད་ཡོང་བར་ཤུགས་རྒྱག་དགོས། ཚན་རྩལ་སྲིད་ཇུས་ཏན་ཏིག་གིས་དོན་ཐོག་ཏུ་འཁྱོལ་དགོས། སྒྱུར་བཅོས་སྒོ་འབྱེད་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐུལ་སློང་བྱེད་དགོས། ས་ཁོངས་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་འཚོའི་མཐའ་ཚད་བརྟན་པོ་སྐྱོང་དགོས།

    སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་བྱས་ཏེ་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱིས་ཕན་ནུས་ཆེ་རུ་བཏང་ནས་གནད་འཁེལ་དང་རྒྱུན་མཐུད་ཐུབ་པར་དེ་བས་མཐོང་ཆེན་བྱེད་དགོས། གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་སྟབས་བསྟུན་འོས་འཚམ་བྱས་ནས་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་མཐའ་འཁྱོངས་བྱེད་དགོས། ལས་ཞུགས་སྔོན་ཐོབ་སྲིད་ཇུས་ཀྱི་སྤུས་ཤུགས་གཉིས་འདེགས་བྱེད་དགོས།

    རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས། ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལོག་འགོག་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་འགོག་ཚོད་འཛིན་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས། འགག་སྒོའི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་དུག་གཞན་འགྱུར་ལ་ཞིབ་འཇུག་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་འགོག་སྨན་ཁབ་དང་ཕན་ནུས་ཆེ་བའི་སྨན་རྫས་ཞིབ་འཇུག་གསར་སྤེལ་ཇེ་མགྱོགས་སུ་གཏོང་བ། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་རྒྱུན་མཐུད་ངང་ཡག་པོར་སྒྲུབ་པ་དང་། ས་གནས་ཁག་གཅིག་ཏུ་ཐོན་པའི་རིམས་ནད་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་གནད་འཁེལ་བྱས་ཏེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་འཁྱོངས་བྱེད་དགོས།

    ■ ཁྲོམ་རའི་བྱེད་པོ་བརྟན་དུ་གཏོང་བ་དང་ལས་ཞུགས་འགན་སྲུང་བྱེད་པར་ཤུཌ་བརྒྱབ་སྟེ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་5ཉིན་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། ཁྲོམ་རའི་བྱེད་པོ་བརྟན་དུ་གཏོང་བ་དང་ལས་ཞུགས་འགན་སྲུང་བྱེད་པར་ཤུགས་བརྒྱབ་སྟེ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུར་པོ་ཡང་དུ་གཏོང་བ་དང་དཀའ་ངལ་སེལ་བ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་སྤུས་ཚད་མཐོ་རུ་གཏོང་བའི་རྨང་གཞི་བརྟན་དུ་གཏོང་དགོས།  སྡེབ་སྒྲིག་ཅན་གྱི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་ལག་བསྟར་བྱེད་དགོས། དུས་རིམ་རང་བཞིན་གྱི་བྱེད་ཐབས་དང་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ཁྲལ་འཕྲི་དང་ཁྲལ་སློག་མཉམ་སྤེལ་བྱེད་དགོས། ཕྱོགས་གཅིག་ནས་བཟོ་སྐྲུན་ལས་རིགས་དང་། ཁེ་ལས་ཆུང་ཕྲན། ཁེར་གཉེར་བཟོ་ཚོང་ཐེམ་དུད་བཅས་ལ་རོགས་སྐྱོར་བྱེད་པའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས་པ་མ་ཟད། ཆག་ཡང་དང་རྩ་ཆག་གཏོང་བའི་ཚད་མཐོ་རུ་གཏོང་བ་དང་སྤྱད་འཐུས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་དགོས། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་དུས་རིམ་རང་བཞིན་གྱི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ། ཁེ་ལས་ཆུང་ཕྲན་གྱིས་ལོ་རེར་ཁྲལ་འཇལ་དགོས་པའི་ཡོང་འབབ་ཀྱི་གྲངས་ཚད་སྒོར་ཁྲི་100ནས་སྒོར་ཁྲི་300བར་གྱི་ཆ་ཤས་ལ་སླར་ཡང་ཁེ་ལས་ཀྱི་ཐོབ་ཁྲལ་ཕྱེད་ཀ་ཆག་ཡང་གཏོང་རྒྱུ། ཕྱོགས་གཞན་ཞིག་ནས། ཁེ་ལས་ལ་དངུལ་སྨར་འཁོར་རྒྱུག་གི་རྒྱབ་སྐྱོར་འདོན་སྤྲོད་དང་། འཛད་སྤྱོད་དངུལ་འཇོག་ལ་སྐུལ་འདེད། གནས་ཐང་འཕར་ཁྲལ་གྱི་ཉར་འཐེན་ཁྲལ་སློག་ལམ་ལུགས་ལེགས་བཅོས་ཤུགས་ཆེན་གཏོང་བ་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ། ད་ལོར་ཉར་འཐེན་ཁྲལ་འབབ་ལ་གཞི་ཁྱོན་ཆེན་པོའི་ཁྲལ་སློག་ལག་བསྟར་བྱ་རྒྱུ་ཡིན།

    ལས་ཞུགས་བརྟན་པོར་ཡོང་ཐབས་ཞིབ་ཚགས་དང་དོན་ལ་གནས་པར་བྱེད་དགོས། ལས་ཤོར་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་ཇེ་དམའ་རུ་གཏོང་བ་སོགས་དུས་རིམ་རང་བཞིན་གྱི་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།