ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཞིང་ལས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དང་ཤུགས་ཆེར་གཏོང་བ་དང་དབུལ་སྒྲོལ་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཞིང་ལས་ལ་ལོ་ལེགས་དང་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།
འབྲུ་རིགས་སོགས་ཞིང་ལས་ཀྱི་ཐོན་རྫས་གཙོ་བོ་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱས་ནས་གྲོ་ཕྱི་འདེབས་ལ་དམིགས་ནས་དབྱར་འབྲུའི་ཞིང་ནང་གཡོག་བྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲན་ཆེན་དང་སྣུམ་རྒྱུ་ཐོན་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འབྲས་དང་གྲོའི་ཉོ་སྒྲུབ་རིན་གོང་དམའ་ཤོས་མཐོ་རུ་འོས་འཚམ་གཏོང་དགོས། རྫས་ལུད་སོགས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ་འབྲུ་འདེབས་ཞིང་པར་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་དངུལ་ཡང་བསྐྱར་སྤྲོད་དགོས་པ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པས་འབྲུ་རིགས་འདེབས་པར་ལུགས་མཐུན་གྱི་ཕན་པ་ལྡན་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོས་འབྲུ་རིགས་ལ་དམ་འཛིན་བྱེད་པར་ནང་གནས་ཀྱི་སྒུལ་ཤུགས་ཡོད་པར་བྱེད་དགོས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱས་ནས་གཏན་འཇགས་གཞི་རྩའི་ས་ཞིང་དབྱེ་མཚམས་གནད་འཁེལ་ཕྱེ་སྟེ། རྨོ་ཞིང“ཞིང་ལས་མ་ཡིན་པར་འགྱུར་བ”གཏན་འགོག་དང“འབྲུ་རིགས་མ་ཡིན་པར་འགྱུར་བ”སྔོན་འགོག་བྱེད་དགོས། ཐོན་འབབ་དམའ་འབྲིང་གི་ས་ཞིང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་1གསར་སྦོལ། ཞིང་ཆུ་གཏོང་ཁུལ་ཆེ་འབྲིང་ཁག་གཅིག་གསར་སྦོལ་དང་སྒྱུར་བཀོད་བཅས་བྱེད་དགོས། ས་ནག་ཞིང་ཁ་སྲུང་སྐྱོང་དང་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པ་བྱེད་འགོ་འཛུགས་དགོས། སོན་ལས་དར་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་ཞིང་ལས་ཚན་རྩལ་འགག་སྒྲོལ་དང་ཁྱབ་གདལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་འཕྲུལ་ཆས་དང་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ལས་ཀྱི་གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་འགོག་བཅོས་ནུས་པ་ཆེ་རུ་གཏོང་དགོས། ཕག་པའི་ཐོན་ནུས་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། སྒོ་ཕྱུགས་དང་། ཁྱིམ་བྱ། ཆུ་ཐོན་ཐོན་ཟོག སྔོ་ཚལ་སོགས་ཀྱི་ཐོན་སྐྱེད་མཁོ་སྤྲོད་ལ་དམ་འཛིན་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ས་ཁུལ་ཁག་ཚང་མར་འགན་འཁྲི་ཡོད་པ་དང་། འབྲུ་རིགས་ནང་འདྲེན་བྱེད་སའི་ས་ཁུལ་གྱིས་འབྲུ་རིགས་ཐོན་སྐྱེད་དེ་བས་ཀྱང་བརྟན་པོ་ཡོང་བར་བྱེད་དགོས། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ“ཟ་འབྲུ”བྱུར་བུར་གང་བ་དང“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་བཏང་སྟེ་ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། དབུལ་ལོག་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཡོང་བའི་འགན་ལེན་བྱེད་དགོས། དབུལ་སྒྲོལ་ས་ཁུལ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ངལ་ནུས་རོགས་ལས་དང་ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རོགས་སྐྱོར་བྱ་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་པ། ཤར་ནུབ་རྒྱུད་རོགས་ལས་དང་། དམིགས་འཛུགས་རོགས་སྐྱོར། སྤྱི་ཚོགས་སྟོབས་ཤུགས་ཀྱི་རོགས་སྐྱོར་བཅས་བྱེད་ཟབ་ཏུ་བཏང་སྟེ་དབུལ་སྒྲོལ་ས་ཁུལ་གྱི་རང་ངོས་ཀྱི་འཕེལ་རྒྱས་འཇོན་ཐང་ཆེ་རུ་གཏོང་དགོས།