དབུ་ཤོག>ཆེད་སྒྲིག
  • གཞི་རིམ་ལ་གཞི་ཚུགས་ནས་གྲོང་གསེབ་དར་རྒྱས་གཏོང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-07

    ཟླ་3ཚེས་6ཉིན་གྱི་ཆུ་ཚོད་དགུ་པ་མ་ཟིན་གོང་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོའི་གྲོང་མི་20ལྷག་ཙམ་གྱིས་བརྙན་འཕྲིན་མདུན་དུ་བསྡད་དེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་འགོ་ཚུགས་ཀྱི་གཟབ་རྒྱས་གནས་ཚུལ་བསྟན་རྒྱུ་སྒུག་ནས་བསྡད་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མངགས་པའི་དགྱེ་གླིང་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧོང་ཅ་པིན་ཡང་གྲོང་མི་ཚོ་དང་མཉམ་དུ་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་རྒྱུར་སྒུག་བསྡད་ཡོད།

    “ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང‘འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་མང་ཚོགས་ལ་འདྲ་མཉམ་ངང་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས’ཞེས་གསུངས་ཡོད། དེ་ནི་ང་ཚོ་གྲོང་སྡོད་ལས་བྱེད་པར་བཏོན་པའི་རེ་བ་གསར་པ་དང་བླང་བྱ་གསར་པ་ཡིན་ཞིང་། ང་ཚོར་ཡིད་ཆེས་གནང་བ་དང་རེ་བ་བཅོལ་གནང་བ་ཞིག་རེད”ཅེས་ཧོང་ཅ་པིན་གྱིས་བརྗོད།

    ཧོང་ཅ་པིན་གྱིས“གྲོང་སྡོད་གཞོན་སྐྱེས་ལས་བྱེད་པ་ཞིག་ཡིན་པའི་ངར་འགན་འཁྲི་ལྕི་པོ་ཡོད་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཀྱང་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། འདི་ལོ་ངས་གཞི་རིམ་གྱི་འཐབ་ས་དང་པོར་མུ་མཐུད་བསྡད་དེ། མང་ཚོགས་དང་འབྲེལ་བ་དམ་ཟབ་དང་། མང་ཚོགས་ལ་སེམས་ཁུར། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན། གྲོང་ཚོ‘ཨུ་ལྷན་གཉིས’ལ་གཞོགས་འདེགས་ཀྱིས་གྲོང་ཚོ་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ‘ཇ་ཞིང་ལ་བརྟེན་ནས་གྲོང་ཚོ་འཛུགས་གཏོད་དང་ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་རྒྱུའི’དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་། ཇ་རའི་དཔལ་འབྱོར་ཕྱོགས་བསྡུས་སྒྲིག་གཞི་དང་། ས་མཐོའི་སྐྱེ་ལྡན་འབྲས་དམར། ནགས་ཁྲོད་དཔལ་འབྱོར་སོགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཁུལ་ཧྲིལ་པོར་འཆར་འགོད་དང་དོ་སྙོམས་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་དར་རྒྱས་གཏོང་བའི‘ལས་དོན་ལྔ’ཧུར་ཐག་བསྒྲུབ་རྒྱུ། དགྱེ་གླིང་གྲོང་ཚོའི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་གཏོང་གི་ཡིན”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།