དབུ་ཤོག>ཆེད་སྒྲིག
  • མུ་མཐུད་ཤར་རླུང་ལ་བརྟེན་ནས་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-07

    མི་དམངས་ཀྱི་ཆེད་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས། འཕེལ་རྒྱས་གཏོང་རྒྱུ་ནི་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཞིག་རེད། 2022ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5.5%ཙམ་འཕར་བ”དང“གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆར་གཅིག་མཚུངས་ཡོང་བར་བྱེད་དགོས”ཞེས་བསྟན་གནང་བ་རེད།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད། སེམས་འགུལ་ཡང་ཆེན་པོ་ཐེབས་པ་རེད།

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས“མིག་སྔར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཕྱེ་ཡོད། བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་། སེམས་ནུས་གཅིག་སྒྲིལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཚེ། ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”ཅེས་གསུངས་པ་རེད།

    བོད་ཀྱི་དོན་དངོས་དང་འཚམ་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་སྐབས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོར་བརྩི་སྲུང་ཞུས་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་འབད་བརྩོན་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱེད་དགོས”ཞེས་བཏོན་གནང་ཡོད།

    བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དབར་ལ་ཐུན་མོང་གི་ཆ་ཡོད་ལ་མི་འདྲ་བའི་ཆ་ཡང་ཡོད། ཐུན་མོང་གི་ཆ་ནི་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད་པ་དེ་ཡིན། མི་འདྲ་བའི་ཆ་ནི་བོད་འཕེལ་རྒྱས་གཏོང་བར“འཕེལ་རྒྱས་ཚང་མའི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་བཅས་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་མཐའ་འཁྱོངས་བྱེད་པ”དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་འདྲེས་ཐུབ་པ་བྱ་རྒྱུ་དེ་རེད།

    “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་གཞིར་བཟུང་། 2021ལོར་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོད་ཅིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་བ་དང་7%ཙམ་འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་10%ཙམ་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་14%འཕར་ནས་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད།

    “དེ་རིང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས་ལྕག་སྐུལ་ཆེན་པོ་ཐེབས་བྱུང་ལ་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་སོང”འདས་ཟིན་པའི་ལོ་གཅིག་ནང་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། དཔལ་འབྱོར་འཕར་ཚད་ཅུང་མགྱོགས་པ་རྒྱུན་འཁྱོངས་ཐུབ་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་སྒོར་སྒོར་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་གསུངས་པ་རེད།

    “ཉིང་ཁྲི་གྲོང་ཁྱེར་གྱིས་དོན་དངོས་ལ་གཞི་ཚུགས་ནས“11364”ཡི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ཡོད། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འདེགས་སྐྱོར་ཤུགས་ཆེན་བྱེད་པ། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས། ཉིང་ཁྲི་འདི་ཉིད་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་ཞིག་ཏུ་ཧུར་ཐག་བསྐྲུན་རྒྱུ་ཡིན། ཁྲོན་བོད་ལྕགས་ལམ་ཉིང་ཁྲི་དུམ་བུ་བསྐྲུན་འགོ་ཚུགས་པ་དང་། ཕད་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་སྦྲེལ་མཐུད་ཐུབ་པ། རྒྱལ་ལམ་219ཡི་ཉིང་ཁྲིའི་དུམ་བུ་བསྐྲུན་པ། ཉིང་ཁྲིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ཀྱི‘ཤར་རླུང’ལ་བརྟེན་ནས། ཉིང་ཁྲིས་ལྗོངས་ཕྱི་ནང་དང་མཉམ་སྦྲེལ་མཉམ་མཐུད་ཀྱི་སྦྲེལ་ཟམ་ཞིག་བཏོད་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ། བློ་བརྟན་འགྱུར་མེད་ངང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱུན་ཆད་མེད་པར་བསམ་བློར་བཅིངས་འགྲོལ་དང་། སྤྱོད་ཚུལ་ལེགས་གཏོང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཚེ། ཉིང་ཁྲི་འདི་ཉིད་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་དུ་བསྐྲུན་པ་དང་། ‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞིའི’ལས་དོན་ཁྲོད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་གསུངས་པ་རེད།

    གྲོང་ཁོངས་རིམ་པའི་འཕེལ་རྒྱས་ལ་གསོན་ཤུགས་དགོས་ལ། གྲོང་གསེབ་དར་རྒྱས་གཏོང་བར་བསམ་ཕྱོགས་ཀྱང་ཡོད་དགོས། “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དབུས་ནུབ་ས་ཁུལ་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་ཞེས་བཏོན་ཡོད། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཏང་ཀྲུང་དབྱང་གིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐོང་ཆེན་གནང་ལུགས་ཚོར་ཐུབ་བྱུང། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་དམངས་འཚོ་ལེགས་གཏོང་ལ་འགན་སྲུང་བྱ་རྒྱུ་དེ་འགན་སྒྲུབ་ཀྱི་གཞི་འཛུགས་ས་དང་དོན་ལ་བབས་སར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་ངང་ཕྱུག་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་ཀྱི་བསམ་གཞིག་ཇུས་འགོད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་དམིགས་པ། ཐོན་ལས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། མང་ཚོགས་ཚོ་སྒོ་འགྲམ་ནས་ལས་གཏོད་འབབ་འཕར་དང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་པ་རེད།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཤར་རླུང་ལ་བརྟེན་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མཛེས་སྡུག་ལྡན་ལ་བརྗིད་ཉམས་ཆེ་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་ཞིག་ཐོན་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།