དབུ་ཤོག>ཆེད་སྒྲིག
  • གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་ཆེན་པོ་དེ་ཡག་པོ་འགོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-06

    འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་རང་རེའི་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་ཁྱབ་བསྒྲགས་བྱས་རྗེས་ཀྱི་ཚོགས་འདུ་གཉིས་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཉེའི་སྐབས་ཀྱི་ཚོགས་འདུ་གཉིས་ཡིན་པས། དོན་སྙིང་ཆེན་པོ་ལྡན་ལ་མི་ཚང་མའི་འཚོ་བ་དང་ཡང་འབྲེལ་བ་དམ་ཟབ་ལྡན་ཡོད།

    ཁྲིམས་ལྟར་རྒྱལ་སྐྱོང་དང་། ཏང་ནན་པོས་སྐྱོང་བ། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་། རྒྱལ་ཁབ་བདེ་འཇགས་བཅས་ནས་ཚན་རྩལ་གསར་གཏོད་དང་། སློབ་གསོ་སྒྱུར་བཅོས། གྲོང་གསེབ་དར་རྒྱས། བདེ་ཐང་ཀྲུང་གོ བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལྡན་པ་སོགས་ཡོང་བའི་བར་ཚོགས་འདུ་གཉིས་ཀྱིས་གླེང་མང་བའི་ཚིག་དག་ནི་འཐུས་མི་དང་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་གནང་བ་ལས་བྱུང་བ་ཤ་སྟག་རེད།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་པ་དང་བསྟུན་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གཟབ་རྒྱས་ལ་ལྟ་ཉན་བྱས་ཏེ་རང་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་ཤེས་རྟོགས་བྱེད་བཞིན་ཡོད། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྲིད་གཞུང་གི་ལས་དོན་པ་ཚེ་དབང་གིས“ངའི་བསམ་པར་མི་རིགས་བསྐྱར་དར་ཡོང་བ་བྱེད་པར་ངེས་པར་དུ་གྲོང་གསེབ་དར་རྒྱས་ཡོང་བར་བྱེད་དགོས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གླེང་མང་བའི་གྲོས་གཞིར་འགྱུར་ངེས་རེད”ཅེས་གསར་འགོད་པར་བཤད་བྱུང་།

    “ཉེ་དུས་2022ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལུགས་བཏོན་པའི་ནང་། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་། ཐོན་ལས་ལ་དམིགས་ནས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གྲོང་གསེབ་བཅོས་སྐྱོང་ལེགས་སུ་གཏོང་བ་སོགས་ཀྱི་ནང་དོན་ཚུད་ཡོད” ཅེས་གསུངས་པ་དང་། ཁོང་གིས“ལམ་སྲོལ་གསར་གཏོད་ཐད་ཡིག་ཆའི་ནང་ད་དུང་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་ཁང་ས་དང་། མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ། མཉམ་སྡེབ་ནགས་དབང་ལམ་ལུགས། གྲོང་གསེབ་ཀྱི་ཐོན་དབང་བརྒྱུད་བཤུག་ཉོ་ཚོང་སོགས་ཕྱོགས་མང་པོའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོཌ་འདུ་གཉིས་ཀྱི་ཐོག་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཆར་གཞི་ཆེན་པོ་ཞིབ་ཚགས་པོས་འགོད་རྒྱུ་ཡིན་པས་རེ་སྒུག་བྱེད་རིན་ཆེན་པོ་ལྡན་ཡོད”ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།