རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་སྐབས་སུ། ས་ངོས་དང་བར་ཐག་སྤྱི་ལེ་400ཡོད་པའི་བར་སྣང་ཁམས་སུ་ལས་འགན་སྒྲུབ་མཁན་གྱི་འཐུས་མི་ཝང་ཡ་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། “ཀྲུང་གོའི་བར་སྣང་ས་ཚིགས་སུ་ལྷ་གྲུ་ཨང་བཅུ་གསུམ་པའི་ལས་འགན་སྒྲུབ་བཞིན་ཡོད་པས། ང་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་ཐུབ་མ་སོང”ཞེས་བཤད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས། ཝང་ཡ་ཕིང་གིས་མཚན་སྙན་དང་ཡིད་ཆེས་འདིར་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། བར་སྣང་དུ་ལས་འགན་སྒྲུབ་པར་མ་བསྐྱོད་གོང་། ཁོང་གིས་རྒྱུན་དུ་སྦྱོང་བརྡར་བྱེད་པའི་བར་གསེང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་བརྟག་ཞིབ་དང་འཚམས་འདྲིར་ཞུགས་ཏེ། རང་འགུལ་ངང་གཞི་རིམ་གྱི་དཔོན་དམག་དང་འབྲེལ་བ་དམ་ཟབ་བྱེད་པ་དང་སྤྱི་ཚོགས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་ནས། ན་གཞོན་སློབ་མར་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་ཕབ་བཟོ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོར་ཞུགས་པ་མ་ཟད། ད་དུང“དམག་དཔུང་གི་ཚན་ཞིབ་ཚན་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང”སོགས་ཀྱི་གྲོས་འགོ་ཡང་བཏོན་པ་རེད།
2021ལོའི་ཟླ་10ཚེས་16ཉིན། ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུ་མཁའ་དབྱིངས་སུ་འཕུར་བ་མ་ཟད། མཁའ་བདེ་ལྟེ་བའི་གྲུ་ཚང་དང་རང་བརྟེན་མགྱོགས་མྱུར་སྦྲེལ་མཐུད་བྱས་ནས་འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲི་ཀང་དང་། ཝང་ཡ་ཕིང་། ཡེ་ཀོང་ཧྥུའུ་བཅས་ཀྱིས་ལོ་ཕྱེད་ཙམ་བར་སྣང་དུ་བཅའ་སྡོད་བྱེད་པའི་ལས་དོན་སྒྲུབ་འགོ་ཚུགས་པ་རེད།
མིག་སྔའི་བར་འཇིག་རྟེན་འཕུར་སྐྱོད་པ་གསུམ་གྱིས་འཁོར་ལམ་དུ་སྡོད་པའི་དུས་ཡུན་ཉིན་130ལས་བརྒལ་བ་དང་། ཝང་ཡ་ཕིང་ཡང་འཁོར་ལམ་དུ་སྡོད་ཡུན་རིང་ཤོས་ཀྱི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་གྱུར་ཡོད། ཟིན་ཐོ་དེ་དམའ་མཐར་ཡང་2023ལོ་བར་རྒྱུན་འཁྱོངས་ཐུབ་ངེས་རེད།
2021ལོའི་ཟླ་11ཚེས་7ཉིན་གྱི་དགོང་མོར། ཝང་ཡ་ཕིང་གིས་རང་རྒྱལ་གྱི་དུས་རབས་གསར་པའི“མཁའ་འཕུར”ཚང་ཕྱིའི་འཇིག་རྟེན་འཕུར་སྐྱོད་ཀྱི་གྱོན་ཆས་གྱོན་ཏེ། མཁའ་བདེ་ལྟེ་བའི་གྲུ་ཚང་གི་མཚམས་ཚིགས་གྲུ་ཚང་ནས་བདེ་བླག་ངང་དོན་ཏེ། ཀྲུང་གོའི་བུད་མེད་ཀྱིས་གྲུ་ཚང་ཕྱིའི་མཁའ་དབྱིངས་སུ་སྐྱོད་པའི་གོམ་པ་དང་པོ་སྤོས་ཏེ། གྲུ་ཚང་ནས་དོན་མཁན་ཀྲུང་གོའི་བུད་མེད་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་ཡོད།
ཁོང་གི་གོང་དུ་1984ལོ་ནས་བཟུང་གོ་ལ་ཧྲིལ་པོར་གྲུ་ཚང་ནས་དོན་མཁན་བུད་མེད་15ལས་བྱུང་མྱོང་མེད།
1980ལོར་སྐྱེས་པའི་ཝང་ཡ་ཕིང་ནི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་ཁག་གཉིས་པ་རེད་ལ། རང་རྒྱལ་གྱི་བུད་མེད་འཇིག་རྟེན་འཕུར་སྐྱོད་པ་ཁག་དང་པོའང་རེད། 2013ལོར། ཁོང་ལྷ་གྲུ་ཨང་བཅུ་པའི་འཇིག་རྟེན་འཕུར་སྐྱོད་རུ་ཁག་གི་རུ་མིར་བདམས་ནས་རང་ཉིད་བར་སྣང་ཁམས་སུ་ཡུལ་སྐོར་བྱེད་ཐེངས་ཐོག་མ་མངོན་འགྱུར་བྱུང་བ་རེད།
2013ལོའི་ཟླ་6ཚེས་20ཉིན། ཝང་ཡ་ཕིང་གིས“བར་སྣང་ཁམས་ཀྱི་དགེ་རྒན”བྱས་ནས་སུམ་རྩེན་རྟགས་ཅན་དང་པོ་ནས་རྒྱལ་ཡོངས་ཀྱི་དགེ་སློབ་ཁྲི་6000ལྷག་ཙམ་ལ་དུས་ཡུན་སྐར་མ་40ཡི་བར་སྣང་སློབ་ཁྲིད་བྱས་པ་དེས། གཞོན་ནུ་ལོ་ཆུང་མང་པོ་ཞིག་གིས་བར་སྣང་འཚོལ་ཞིབ་བྱེད་པའི་མཚར་སྣང་འཕེལ་ཡོད།
ལོ་བརྒྱད་ནི་ཡུད་ཙམ་ཞིག་རེད། 2021ལོའི་ཟླ་12ཚེས་9ཉིན་གྱི་ཕྱི་དྲོར། ཝང་ཡ་ཕིང་གིས་སླར་ཡང“བར་སྣང་ཁམས་ཀྱི་དགེ་རྒན”གྱི་མིང་ཐོག་ནས་ཀྲུང་གོ་བ་རང་ཉིད་ཀྱིས་བསྐྲུན་པའི་བར་སྣང་ས་ཚིགས་སུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་ངོ་མཚར་ཆེ་བའི་བར་སྣང་ཁམས་ཀྱི་ཚན་རིག་ཁྱབ་གདལ་གྱི་སློབ་ཚན་ཞིག་ཁྲིད་པ་རེད།
“ཕྲུ་གུ་ཚོར་སླར་ཡང་སློབ་ཚན་འཁྲིད་ཐུབ་པ་ནི་ངའི་སྔར་ནས་ད་བར་གྱི་ཕུགས་འདུན་ཡིན། ང་རང་རླབས་ཆེན་གྱི་དུས་རབས་འདི་འདྲ་ཞིག་ཏུ་སྐྱེས་པ་དང་རླབས་ཆེན་གྱི་མེས་རྒྱལ་འདི་འདྲ་ཞིག་གི་པང་དུ་འཚོ་བར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་སླར་ཡང་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་མཁན་བུད་མེད་འཇིག་རྟེན་འཕུར་སྐྱོད་པ་དང་པོ་ཝང་ཡ་ཕིང་གིས་བཤད།
ཝང་ཡ་ཕིང་དགའ་ཚོར་བྱེད་འོས་པ་ཞིག་ནི་སྐབས་དེ་དུས་བཏབ་པའི་ཕུགས་འདུན་གྱི་ས་བོན་ལ་ད་ཆ་མངོན་འགྱུར་གྱི་མེ་ཏོག་བཞད་ནས་འབྲས་བུ་བཏགས་པ་དེ་རེད།
“ལོ་8ཀྱི་གོང་དུ་སློབ་ཁང་དུ་བསྡད་དེ་མཁའ་དབྱིངས་ཀྱི་སློབ་ཁྲིད་ཉན་མཁན་ཕྲུ་གུ་ཚོའི་ནང་ནས་ལ་ལ་ནི་འཇིག་རྟེན་འཕུར་སྐྱོད་ཀྱི་ཁྱིམ་ཚང་ཆེན་པོའི་ཁོངས་མིར་གྱུར་ནས། ད་ཆ་ལས་གནས་སུ་ང་ཚོ་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་ལས་འགན་སྒྲུབ་བཞིན་ཡོད”ཅེས་ཝང་ཡ་ཕིང་གིས་བཤད།
1996ལོར་སྐྱེས་པའི་ཝང་ནན་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ཞིང་། “སུམ་རྩེན་སློབ་ཁང”གི་སློབ་ཚན་འཚོག་པའི་དྲིལ་བརྡ་ཡང་བསྐྱར་གྲགས་སྐབས། ཝང་ཡ་ཕིང་གི་ཕ་ཡུལ་གཅིག་པུ་སྟེ་ཧྲན་ཏུང་ཞིང་ཆེན་ཀའོ་སྨི་གྲོང་ཁྱེར་མཐོ་འབྲིང་ཞིག་གི་ལོ་རིམ་གཉིས་པའི་འཛིན་གྲྭ་18ཀྱི་དངོས་ཁམས་རིག་པའི་སློབ་ཚན་གྱི་འགན་འཁུར་སློབ་མ་ཞིག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རིག་བཟོ་བཀོད་སློབ་གླིང་གཉིས་པའི་ན་གཞོན་ཇུས་འགོད་པ་ཞིག་ཏུ་གྱུར།
འཆར་གཞི་ལྟར་ན། འདི་ལོ་རང་རྒྱལ་གྱིས་བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་རྒྱུ་ཡིན་ཞིང་། ཡུན་རིང་དང་རྒྱུན་མཐུད་མི་བཞུགས་བཅའ་སྡོད་ཀྱི་ནུས་པ་ལྡན་པ་དང་། འཇིག་རྟེན་འཕུར་སྐྱོད་པའི་ལས་སྒྲུབ་ཚོགས་ཆུང་གིས་ཀྱང་འཁོར་ལམ་དུ་རེས་མོས་བྱེད་པ་མངོན་འགྱུར་ཐུབ་ངེས་རེད། འདིས“ཀྲུང་གོའི་སུམ་རྩེན”དུ་མཁའ་དབྱིངས་སློབ་ཁྲིད་བྱེད་པ་རྒྱུན་རྣམ་ཅན་དུ་འགྱུར་བ་མཚོན་གྱི་ཡོད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)