སྤྱི་ཁྱབ་ཧྲུའུ་ཅི་དང་འཐུས་མི་དང་ཨུ་ཡོན་གྱི་གཏམ་རྒྱུད།
ལེ་ཚན་བཏོད་པའི་གཏམ།
ལོ་ལྟར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་དང་ཨུ་ཡོན་ཚོ་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གནང་བ་དང་མི་དམངས་ཀྱི་བསམ་ཚུལ་གསན་གྱི་ཡོད། ལྷག་བསམ་རྣམ་དག་དང་ལྷད་མེད་ཀྱི་སྤེལ་རེས་དང་མཉམ་འགུལ་ཡང་ཡང་བྱས་པ་དེ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་དོད་པའི་སྐད་ཅིག་དེ་ཉིད་རི་མོར་འཁོད་ལ་མི་དམངས་ཀྱི་གཙོ་འཛིན་དང་མི་དམངས་མང་ཚོགས་ཀྱི་བསམ་ཚུལ་གཅིག་མཐུན་ཡིན་པའི་མཚོན་ཚུལ་དངོས་ཤིག་ཀྱང་རེད། དེ་རིང་ནས་བཟུང་ཤིན་ཧྭ་གསར་འགྱུར་ཁང་གིས“སྤྱི་ཁྱབ་ཧྲུའུ་ཅི་དང་འཐུས་མི་དང་ཨུ་ཡོན་གྱི་གཏམ་རྒྱུད”ཀྱི་ལེ་ཚན་གཏོད་དེ་འཐུས་མི་དང་ཨུ་ཡོན་ཚོའི་དྲན་འཆར་འགོད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་དང་མི་དམངས་དབར་གྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱ་རྒྱུ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་ཀྲུའུ་གོ་ཕིང་དང་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་ཐེངས་གཉིས་གནང་བ་དེ་ནི་གཏམ་རྒྱུད་བརྗོད་པ་དང་འབྲེལ་བ་ཡོད།
ཐེངས་དང་པོ་ནི་ལོ་8ཀྱི་གོང་མི་དམངས་ཚོགས་ཁང་ཆེ་མོའི་ཧྲང་ཧའེ་ཚོམས་ཆེན་དུ་རེད།
2014ལོའི་ཟླ་3ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་རར་ཕེབས་ནས་ཁོང་གནས་སའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།
ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང་ཧུང་ཁྲུའུ་གྲོང་མིའི་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་གོ་ཕིང་ནི་ཚོགས་ཞུགས་འཐུས་མིའི་གྲས་ཤིག་རེད། ཚང་མ་ཕྱི་ནང་སྒོར་སྒོར་གཉིས་བྱས་ཏེ་བསྡད་པ་དང་ཀྲུའུ་གོ་ཕིང་སྒོར་སྒོར་ནང་མའི་ནང་བསྡད་ཡོད་པ་རེད།
རྒྱུས་མངའ་ཡོད་པའི་ངོ་གདོང་མང་པོ་མཐོང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་དགྱེས་ཚོར་ཆེན་པོས་འཐུས་མི་ཚོར་ཕྱག་བཏང་གནང་བ་རེད། ཀྲུའུ་གོ་ཕིང་གི་འཁྲིས་སུ་ཕེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་ཁོང་ལ“འཐུས་མི་རྒན་གྲས”ཞེས་གསུངས།
དེ་དུས་ཀྲུའུ་གོ་ཕིང་སྐབས་གཉིས་ཀྱི་འཐུས་མི་ཡིན་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་དེ་ལྟར་གསུངས་པ་ཐོས་རྗེས་དགའ་ཚོར་ཆེན་པོ་བྱུང་ཡོད།
གྲོས་ཞིབ་བྱེད་རིང་། ཀྲུའུ་གོ་ཕིང་གིས་སྐར་མ་8སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅིར་གནས་ཚུལ་ཁག་གསུམ་ཞུས་པ་སྟེ། མི་སེར་ཚོར་སློབ་ཁུལ་གྱི་ཁང་པ་རག་ཐབས་ཇི་ལྟར་བྱེད་པ་དང་། ནད་པས་ཁེངས་པའི་བྱིས་པའི་ཚན་ཁག་ཏུ་ནད་གཞི་ལྟ་ཁག་པོ་ཡོད་པ། ལོ་ན་མཐོ་བའི་རྒན་རྒོན་ལ་ངོ་སོ་ཐོན་པའི་རྒན་གསོ་ཇི་ལྟར་བྱེད་པ་བཅས་སོ།
“ད་ལྟའི་སྨན་ཁང་དུ་མི་ཧ་ཅང་མང་པོ་ཡོད་པས་མེ་འཁོར་བབས་ཚུགས་དང་འདྲ་བར་ས་གནས་ཁག་གི་ནད་པ་ཚང་མ་གྲོང་ཁྱེར་ཆེ་སར་ནད་གཞི་ལྟ་བར་འགྲོ་གི་ཡོད། བཅོས་དཀའ་བའི་ནད་གཞི་ཡིན་ཚེ་བསམ་ཤེས་ཐུབ་ཀྱི་འདུག ནད་གཞི་ཆུང་བའི་རིགས་ནི་མི་དམངས་དཀའ་ལས་ཆེ་བ་དང་འགྲོ་སོང་ཆེ་རོགས་རེད”
ཀྲུའུ་གོ་ཕིང་གིས་བརྗོད་པ་དེ་དག་ནི་ཁྱིམ་ཚང་གི་གནས་ཚུལ་རེད་ལ་གཞི་རིམ་གྱི་གནས་ཚུལ་དངོས་ཀྱང་རེད།
སྤྱི་ཁྱབ་ཧྲུའུ་ཅིས་གསན་རྗེས་གཏམ་རྒྱུད་བརྗོད་པ་ནི་གནས་ལུགས་བཤད་པ་ལས་དེ་བས་ཡག་ཅེས་བསྔགས་བརྗོད་གནང་།
སྤྱི་ཁྱབ་ཧྲུའུ་ཅིས་སྡེ་ཁུལ་གྱི་འཐུས་མི་རང་ཉིད་ཀྱིས་བཤད་པའི་གནས་ཚུལ་གསན་པ་དེ་ནི་གཞི་རིམ་ནས་ཡོང་བའི་མི་དམངས་ཀྱི་འབོད་སྒྲ་གསན་པ་དང་། གཞི་རིམ་མི་དམངས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ། གཞི་རིམ་མི་དམངས་ཀྱི་བསམ་འདུན་ལ་བརྟག་ཞིབ་གནང་བ་བཅས་ཡིན་པ་ཀྲུའུ་གོ་ཕིང་གིས་གསལ་པོ་ཤེས་ཀྱི་ཡོད།
ཚོགས་འདུ་དེའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། “སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་དེ་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་འཇོག་དགོས་པ་དང་སྡེ་ཁུལ་གྱི་ཞབས་ཞུ་དང་དོ་དམ་བྱེད་ནུས་ཆེ་རུ་ཕྱིན་ཚེ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་འགྲོ་ཐུབ”
ཀྲུའུ་གོ་ཕིང་གིས་སླད་ཕྱིན་ལས་ཀ་སྔར་བས་ཞིབ་ཚགས་སྒྲུབ་པ་མ་ཟད། ད་དུང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་མཚོན་པའི“གཏམ་རྒྱུད”གསར་པ་དེ་བས་མང་བ་བརྗོད་རྒྱུའི་སེམས་ཐག་བཅད།
ཚོགས་འདུ་གྲོལ་རྗེས་སྡེ་ཁུལ་གྱི་གྲོང་མིས་ཁོང་ནི“གཏམ་རྒྱུད་ཤོད་མཁས་པོ”ཞིག་རེད་ཅེས་བསྔགས་བརྗོད་བྱས་པ་དང་ཀྲུའུ་གོ་ཕིང་གི་ལས་དོན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།
གྲོང་མི་ན་ནས་སྨན་ཁང་དུ་སྡོད་པ་དང་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་བྱེད་སྐབས་ཁོང་གིས་ངེས་པར་དུ་སེམས་གསོར་སྐྱོད་པ་དང་། དཀའ་ངལ་ཡོད་པའི་རྒན་རྒོན་དང་བསྐྱར་དུ་ལས་ཞུགས་བྱེད་མཁན་ལ་ཁོང་གིས་ངེས་པར་དུ་སྐད་ཆ་འདྲི་བ། དཀའ་ངལ་སེལ་རོགས་བྱེད་ཐབས་དང་གྲོང་མིའི་གྲོས་འགོ་ཁོང་གིས་ངེས་པར་དུ་ཐོ་འགོད་བྱེད་པ་བཅས་ཁོངས་གཏོགས་ཀྱི་ཁྱིམ་ཚང་1000ལྷག་ཙམ་གྱི་བྱ་བ་ཆེ་ཆུང་ཚང་མ་ཀྲུའུ་གོ་ཕིང་གི་སྤུས་ཚད་མཐོ་བའི་གྲོས་འགོ་ཞིག་ཏུ་གྱུར་ཡོད།
2019ལོའི་ཟླ་11ཚེས་2ཉིན་ཀྲུའུ་གོ་ཕིང་ལ་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་མཇལ་བ་རེད།
ཉིན་དེའི་ས་སྲིབ་མཚམས་སུ་ཧྲང་ཧའེ་རུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུའུ་གོ་ཕིང་གནས་སའི་ཧུང་ཆའོ་ཁྲོམ་གཞུང་དུ་བརྟག་ཞིབ་གནང་བར་ཕེབས།
ཀུའུ་པེ་གྲོང་མིའི་ལྟེ་གནས་སུ་ཀྲུའུ་གོ་ཕིང་སྤྱི་ཁྱབ་ཧྲུའུ་ཅིའི་གམ་དུ་ལངས་ནས་ཁོང་གིས་སླར་ཡང་གཞི་རིམ་གྱི་ཁྲིམས་འཛུགས་ལག་ལེན་ཁྲོད་ཀྱི་གཏམ་རྒྱུད་གསར་པ་ཞུས་པ་རེད།
ཀྲུའུ་གོ་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅིར“ང་ཚོ་མི་སེར་ཚོས་རང་ཉིད་ཀྱིས་བཏོན་པའི་གྲོས་འགོ་དང་བསམ་འཆར་ཁྲིམས་སྲོལ་ནང་གི་ཚིག་དང་ཐ་སྙད་དུ་གྱུར་བ་མཐོང་སྐབས་ཧ་ཅང་དགའ་པོ་འདུག གྲོང་མི་ཚོས་མི་དམངས་དམངས་གཙོ་དངོས་སུ་ཚོར་ཐུབ་པ་མ་ཟད། བདག་པོའི་འདུ་ཤེས་དེ་བས་ལྡན་པ་དང་ཁྲིམས་སྐྱོང་གི་བསམ་གཞིག་དེ་བས་ཟབ་ཏུ་ཕྱིན་ཡོད”ཅེས་ཞུས་པ་རེད།
འབྲེལ་གཏུག་བྱ་ཡུལ་གྱི་ལས་དོན་ལ་རྒྱུས་མངའ་ཞིབ་ཕྲ་ལོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོས་ཁྱབ་པའི”ཆོད་གཏམ་གལ་ཆེན་བཏོན་གནང་བ་སྟེ། “ང་ཚོ་བསྐྱོད་ས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་ཡིན་པ་དང་མི་དམངས་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་དམངས་གཙོ་ཞིག་ཡིན”ཞེས་པ་དེ་རེད།
ཀྲུའུ་གོ་ཕིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས“ང་ཚོའི་གནས་ཚུལ་ཆུང་ཆུང་དག་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཐབས་ཇུས་ཆེན་པོ་དང་འབྲེལ་ཡོད”ཅེས་བརྗོད།
2021ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས“བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་དམངས་གཙོ”བཅའ་ཁྲིམས་དེའི་ནང་བཅུག་ཡོད། སྐབས་དེ་དུས་རྒན་ཡོལ་ཞུས་ཟིན་པའི་ཀྲུའུ་གོ་ཕིང་གིས་རང་ཉིད་ཀྱིས་བཙུགས་པའི་ཧུང་ཆའོ་ཕིང་ལས་དོན་ཁང་ནས་མུ་མཐུད་གྲོང་མིར་ཞབས་འདེགས་ཞུ་བ་དང་དམངས་འཚོའི་རེ་སྒུག་ཉན་བཞིན་ཡོད།
འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པས་ཀྲུའུ་གོ་ཕིང་གིས་རང་ཉིད་ནས་ཤེས་རྟོགས་བྱུང་བའི་དམངས་འཚོའི་གཏམ་རྒྱུད་གསེད་བཀྲོལ་བྱས་ནས་ཚོགས་ཆེན་ལ་འབུལ་རྒྱུའི་གྲོས་འགོ་འབྲི་རྒྱུར་བྲེལ་བཞིན་ཡོད་པ་དེ་ནི་རྒན་རྒོན་གྱི་རྒྱུན་སྲུང་ཉེན་ཁ་དཔྱད་དཔོག་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་པ་དང་བྱིས་པ་དྲ་རྒྱར་དབྱིངས་ཚུད་པར་དོ་དམ་ཇི་ལྟར་བྱེད་དགོས་པ་དེ་རེད།
ཀྲུའུ་གོ་ཕིང་གིས“རྒན་རྒོན་དང་བྱིས་པ་ནི་སྤྱི་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁྲལ་གནང་ཡུལ་ཡང་ཡིན་པས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་མུ་མཐུད་འབད་བརྩོན་བྱེད་དགོས”ཞེས་བརྗོད་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)