དབུ་ཤོག>ཆེད་སྒྲིག
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-02-25

    དྲི་བ། ཏང་གི་ལོ་རྒྱུས་ཀྱི《གྲོས་ཆོད》སྔ་མ་གཉིས་ཀྱི་གཞི་རྩའི་རྣམ་བཤད་དང་ཆོད་འདོམས་ད་ཆ་སྔར་བཞིན་སྤྱོད་གོ་ཆོད་ཀྱི་ཡོད་ཅེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།

    ལན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་རྒྱུས་ཀྱི་གནད་དོན་སྐོར་གྱི་རང་རེའི་ཏང་གི་གྲོས་ཆོད་གཉིས་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་། གཙོ་རྐང་། ངོ་བོ་བཅས་ཡང་དག་པར་ཁོང་དུ་ཆུད་པ་དང་། ཏང་གི་ལོ་རྒྱུས་ཐོག་གི་དོན་རྐྱེན་གལ་ཆེན་དང་། ཚོགས་འདུ་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་ངོས་འཛིན་ཡང་དག་དང་ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་དགོས”ཞེས་གསུངས་ཡོད། འདིར་བརྗོད་པའི“ལོ་རྒྱུས་ཀྱི་གནད་དོན་སྐོར་གྱི་ཏང་གི་གྲོས་ཆོད་གཉིས”ཞེས་པ་ནི་1945ལོའི་ཟླ་4པར་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་གྲོས་འཆམ་བྱུང་བའི《ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》(གཤམ་ལ“ལོ་རྒྱུས་ཀྱི《གྲོས་ཆོད》དང་པོ”ཞེས་བསྡུ་རྒྱུ)དང་1981ལོའི་ཟླ་6པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་གྲོས་འཆམ་བྱུང་བའི《རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》(གཤམ་ལ“ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་པ”ཞེས་བསྡུ་རྒྱུ)ལ་ཟེར། དེའི་གཞི་རྩའི་རྣམ་བཤད་དང་ཆོད་འདོམས་ད་ཆ་སྔར་བཞིན་སྤྱོད་གོ་ཆོད་ཀྱི་ཡོད་པ་འདི་ཕྱོགས་གསུམ་ནས་གོ་བ་གཏིང་ཟབ་བླངས་ཆོག་པ་སྟེ།

    གཅིག ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་ཀྱིས་དངོས་ཐོག་བདེན་འཚོལ་གྱིས་ཏང་གི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་ཉམས་མྱོང་དང་བསླབ་བྱ་གལ་ཆེན་ལ་ཕྱོགས་སྡོམ་བྱས་ཡོད། ལོ་རྒྱུས་ལ་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་ཀྱིས་བློ་མཐུན་མའོ་ཙེ་ཏུང་སོགས་མི་སྣ་གལ་ཆེན་དང་། ཙུན་དབྱིའི་གྲོས་ཚོགས་དང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སོགས་ཚོགས་འདུ་གལ་ཆེན། “རིག་གནས་གསར་བརྗེ་ཆེན་པོ”སོགས་དོན་རྐྱེན་གལ་ཆེན་བཅས་ཚང་མར་ཕྱི་རོལ་ཡུལ་དང་མཐུན་ལ་དོན་དངོས་དང་མཐུན་པའི་གདེང་འཇོག་བྱས་ཡོད་པས། དངོས་ཐོག་བདེན་འཚོལ་གྱི་ཚན་རིག་དང་མཐུན་པའི་རྣམ་འགྱུར་འཛིན་སྟངས་མངོན་གྱི་ཡོད། ལོ་རྒྱུས་ཀྱི《གྲོས་ཆོད》དང་པོས་ཏང་དབུ་བརྙེས་ཚུན་དང་ལྷག་པར་དུ་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཙུན་དབྱིའི་གྲོས་ཚོགས་མ་འཚོགས་གོང་གི་ཏང་གི་ལོ་རྒྱུས་དང་དེའི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་བྱས་ཡོད་པ་དང་། ཆབ་སྲིད་དང་། དམག་དོན། རྩ་འཛུགས། བསམ་བློ་བཅས་ཀྱི་ཐད“གཡོན”ལྷུང་ནོར་འཁྲུལ་གྱི་མངོན་ཚུལ་དང་དེ་ལས་གནོད་འཚེ་ཚབས་ཆེན་བྱུང་ཚུལ་ལ་རྒྱས་བཤད་བྱས་ཡོད་པ། བློ་མཐུན་མའོ་ཙེ་ཏུང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་སྤྱད་དེ་ཀྲུང་གོའི་གསར་བརྗེའི་གནད་དོན་ཐག་གཅོད་བྱས་པའི་གཟེངས་སུ་ཐོན་པའི་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད་པ། བློ་མཐུན་མའོ་ཙེ་ཏུང་ཏང་ཡོངས་ཀྱི་འགོ་ཁྲིད་པའི་གནས་བབ་ལ་གཏན་འཁེལ་བྱས་པའི་དོན་སྙིང་གལ་ཆེན་ལ་ཁས་ལེན་བྱས་ཡོད་པ་རེད། ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་པས“རིག་གནས་གསར་བརྗེ་ཆེན་པོ”དང“འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་འོག་མུ་མཐུད་གསར་བརྗེ་བྱེད་པའི”རིགས་པའི་གཞུང་ལུགས་ནོར་འཁྲུལ་ཅན་ལ་རྩ་བ་ནས་ཁས་མ་བླངས་པ་དང་། ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཁག་གཅིག་ལ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་གདེང་འཇོག་བྱས་ཡོད་པ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཚན་རིག་དང་མཐུན་པའི་ངང་ཕྱོགས་སྡོམ་བྱས་ཡོད་པ། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བློ་མཐུན་མའོ་ཙེ་ཏུང་གི་ལོ་རྒྱུས་ཀྱི་གནས་བབ་ལ་གདེང་འཇོག་བྱས་ཡོད་པ། མའོ་ཙེ་ཏུང་གི་དགོངས་པ་ཏང་གི་མཛུབ་ཁྲིད་དགོངས་པར་བརྩིས་པའི་དོན་སྙིང་རླབས་པོ་ཆེར་ཁས་ལེན་གང་ལེགས་བྱས་ཡོད།

    གཉིས། ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་ཀྱིས་ལོ་རྒྱུས་ཀྱི་གནད་འགག་གལ་ཆེན་དུ་ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ཡོད། རྙོག་འཛིང་ཆེ་བའི་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ཀྱི་མདུན་དུ་ཏང་ཡོངས་ལ་བསམ་བློ་གཅིག་གྱུར་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་དགོས་མཁོ་ཧ་ཅང་ཆེ་བར་བརྟེན། ལོ་རྒྱུས་ཀྱི《གྲོས་ཆོད》འདི་གཉིས་ཐོན་པའི་དུས་རབས་ཀྱི་རྒྱབ་ལྗོངས་སུ་གྱུར་ཡོད། ལོ་རྒྱུས་ཀྱི《གྲོས་ཆོད》དང་པོ་ནི་རི་འགོག་དམག་འཁྲུག་ཕྱོགས་ཡོངས་ནས་དུས་མཚམས་གསར་པར་སླེབས་པ་དང་ཀྲུང་གོའི་མི་དམངས་ཀྱི་གསར་བརྗེའི་སྟོབས་ཤུགས་ལ་ཚོད་བགམ་ནན་པོ་ཐེབས་པའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་གྲུབ་པ་ཞིག་རེད། སྐབས་དེ་དུས་ཏང་ནང་ཁུལ་གྱི་རང་སྣང་རིང་ལུགས་དང་ལུང་འཛིན་རིང་ལུགས་ཀྱིས་ཏང་གི་ཡང་དག་པའི་ལམ་ཕྱོགས་དང་ཐབས་ཇུས་བཟོ་བ་དང་ལག་ལེན་བསྟར་བར་སྔར་བཞིན་འགོག་རྐྱེན་བཟོ་ཡི་ཡོད་ཅིང་། ལོ་རྒྱུས་ཀྱི《གྲོས་ཆོད》དང་པོར་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ཁག་གཅིག་ལ་ཆོད་འདོམས་བཞག་ཡོད་པ་དེས་ཏང་ཡོངས་དང་ལྷག་དོན་དུ་ཏང་གི་མཐོ་རིམ་ལས་བྱེད་པས་ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ལ་ངོས་འཛིན་གཅིག་གྱུར་བྱུང་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས“མི་བཞི་ཤོག་ཁག”ཐལ་བའི་རྡུལ་དུ་བརླགས་རྗེས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐེ་ཚོམ་ཁྲོད་མདུན་སྐྱོད་བྱེད་པའི་རྣམ་པ་མཇུག་སྒྲིལ་བ་དང་དུས་མཚུངས། ཏང་ནང་ཁུལ་དུའང་དོགས་ཟོན་བྱེད་དགོས་པའི“གཡོན”དང་གཡས་ཀྱི་ནོར་འཁྲུལ་གྱི་བསམ་བློ་གཏོང་ཕྱོགས་ཐོན་པར་བརྟེན། རང་རེའི་ཏང་གིས་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་སོགས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཟིང་བཅོས་ཡོ་བསྲང་བྱེད་དགོས་ཀྱི་ཡོད། ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་པ་བཏོན་པ་ལས“ཉམས་མྱོང་ལ་ཕྱོགས་སྡོམ་དང་། བསམ་བློ་གཅིག་གྱུར། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་ལྟ་བའི”དམིགས་ཚད་མངོན་འགྱུར་བྱུང་ཡོད། ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་བཏོན་པའི་བརྒྱུད་རིམ་ནི་ཏང་གིས་དམངས་གཙོ་དར་སྤེལ་དང་དམངས་གཙོ་ཁྱབ་གདལ་གཏོང་བའི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་ལ། ཏང་གིས་རང་ངོས་སུ་ལྷགས་པའི་གནད་དོན་ལ་དོ་སྣང་དང་། བདེན་པ་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། ཟམ་མི་ཆད་པར་རང་ངོས་ལས་རྣམ་པར་རྒྱལ་ཞིང་རྒྱས་པར་གྱུར་པ་མཚོན་གྱི་ཡོད། ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་ལས་ཏང་ཡོངས་ཀྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ཚན་རིག་དང་མཐུན་པའི་ངང་དོན་དངོས་ལ་སྟངས་འཛིན། དེ་བས་ལེགས་པའི་ངང་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་བཅས་ལ་ཆབ་སྲིད་ཀྱི་འགན་ལེན་དང་བསམ་བློའི་འདེགས་སྐྱོར་གལ་ཆེན་བྱས་ཤིང་། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། ཏང་ཡོངས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་། མུ་མཐུད་མདུན་སྐྱོད་བྱེད་པ་བཅས་ལ་ཁག་ཐེག་གལ་ཆེན་བྱས་ཡོད།

    གསུམ། ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་ལས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་ནི་རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་བྱས་པར་ཕྱོགས་སྡོམ་བྱས་པ་ལས་ཐོན་པའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ཧ་ཅང་གལ་ཆེན་ཞིག་རེད་ལ། དེ་དག་ཚང་མ་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་གྱི་མཚམས་སུ་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་བྱས་པ་ཤ་སྟག་ཡིན་པས་རང་རེའི་ཏང་ཆབ་སྲིད་ཐད་འཐུས་སྒོ་ཚང་དུ་སོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། ལོ་རྒྱུས་ཀྱི《གྲོས་ཆོད》དང་པོས་ཏང་གི་ཚོགས་ཆེན་བདུན་པ་རྒྱལ་ཁའི་ངང་འཚོག་པར་ཆ་རྐྱེན་གང་ལེགས་བསྐྲུན་ཏེ། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པ་དང་རྒྱལ་ཡོངས་བཅིངས་འགྲོལ་གཏོང་བར་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་བཏིངས་པ་དང་། ཀྲུང་གོའི་གསར་བརྗེའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གཏན་འཁེལ་བྱས་པའི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་བའི་འཐབ་ཇུས་གཞན་འགྱུར་བྱུང་སྟེ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་བཏོད་ཡོད།

    ལོ་རྒྱུས་ཀྱི《གྲོས་ཆོད》གཉིས་ལས་བྱུང་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་། དུས་རབས་ཀྱི་རྒྱབ་ལྗོངས། ཐག་གཅོད་བྱེད་དགོས་པའི་གནད་དོན། གཏན་འཁེལ་བྱས་པའི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས། ལས་འགན་བཅས་མི་འདྲ་མོད། འོན་ཀྱང་དེ་དག་ཚང་མ་ནི་ལོ་རྒྱུས་ཀྱི་གནད་འགག་གལ་ཆེན་དུ་གཏན་འཁེལ་བྱས་པ་ཞིག་ཡིན་པས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་ལ། རང་རེའི་ཏང་གི་འོད་སྟོང་འབར་བའི་ཚད་ལྡན་ཡིག་ཆ་ཞིག་ཡིན་ཞིང་། དེའི་རྩ་བའི་རྣམ་བཤད་དང་ཆོད་འདོམས་ད་ཆ་སྔར་བཞིན་སྤྱོད་གོ་ཆོད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།