བསྐྱར་དར་གྱི་ཕུགས་འདུན་ལ་ཕྱོགས་པའི་མཆོང་སྐྱོད་གསར་པ།
ལེ་ཚན་བཏོད་པའི་གཏམ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་འགོ་ཁྲིད་དེ་འབད་འབུངས་ཡར་བརྩོན་བྱས་པས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་པ་དང་། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་སྔར་བྱུང་མྱོང་མེད་པའི་གོང་བུ་འགྲིལ་བ་དང་སེམས་ཤུགས་བསྐྱེད་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བྱུང་ལུགས་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཡོད།
དེ་རིང་ནས་བཟུང་། ཤིན་ཧྭ་གསར་འགྱུར་ཁང་གིས“རྒྱང་ལམ་གསར་པར་འབད་བརྩོན་གྱིས། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པའི་ལེ་ཚན་བཏོད་དེ་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འབད་འབུངས་ཡར་བརྩོན་དང་ལེའུ་གསར་པ་རྩོམ་པའི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བར་བྱ་རྒྱུ་ཡིན།
རྣམ་པ་གསར་པ། དེང་རབས་ཅན་གྱི་རྒྱང་ལམ་གསར་པར་སྐྱོད།
དུས་རབས་གསར་པར་འབད་འབུངས་ཡར་བརྩོན་དང་། རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ཧུར་ཐག་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་བཏིང་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱིས་བདམས་པའི་ལམ་བུའི་ཐོག་མགོ་འཕངས་མཐོ་ཞིང་གོམ་ཞེང་ཆེན་པོས་སྐྱོད་སྐབས་གདེང་ཚོད་སྔར་ལས་ཆེ་བ་དང་ཡིད་ཆེས་སྔར་ལས་བརྟན་པ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་50ནས་སྒོར་དུང་ཕྱུར་ཁྲི་114བར་འཕར་ནས་ལོ་མང་རིང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་བ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་ལས་བསྒྲལ་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད།
ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་དུས་རབས་གསར་པའི་ཀྲུང་གོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།
ལོ་མང་བསྟུད་མར་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དང་། འཛད་སྤྱོད་ཁྲོམ་ར་ཆེ་གྲས་ཨང་གཉིས་པ། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ། དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ། ཕྱི་དངུལ་གསོག་འཇོག་གི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་བཅས་སུ་བརྟན་པོར་སླེབས་ཡོད།
དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། 2012ལོར་ཐོན་ལས་གསུམ་པའི་འཕར་ཐང་གིས་GDPནང་བཟུང་བའི་བསྡུར་ཚད་ཐོན་ལས་གཉིས་པ་ལས་ཐེངས་དང་པོ་བརྒལ་ནས་2021ལོར་53.3%ཟིན་པ་དང་། ནང་མཁོར་ལེགས་སྐྱེས་འབུལ་ཚད་ལོ་7རིང་100%ལས་བརྒལ་བ། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་བཟུང་བའི་བསྡུར་ཚད་2012ལོའི་9.4%ནས་2020ལོའི་15.1%བར་འཕར་བ། ཀྲུང་གོའི་གསར་གཏོད་སྟོན་གྲངས་ཀྱི་གོ་ལ་ཧྲིལ་པོའི་ཨང་རིམ་དེ་2013ལོའི་ཨང་35པ་ནས་2021ལོའི་ཨང་12པའི་བར་འཕར་བ་སོགས་རེད།
ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་བྱེད་ཚད་མཐོ་རུ་ཕྱིན་ཞིང་། “ཟླ་བའི་ལྷ་མོ་ལྔ་པ”རྟགས་ཅན་གྱིས་ཟླ་དཔྱད་བྱས་པ་དང་། “མཁའ་འདྲི་དང་པོ”རྟགས་ཅན་སྐར་མ་མིག་དམར་ཐོག་ཐང་འབབ་བདེ་བླག་བྱུང་བ། “ཀྲུང་གོའི་གནམ་མིག”གོ་ལ་ཧྲིལ་པོར་སྒོ་ཕྱེ་བ། ཀྲུང་གོའི་བར་སྣང་ས་ཚིགས་སུ“ཡུན་རིང་བཅའ་སྡོད་བྱེད་མི་ཡོད་པའི”དུས་མཚམས་གསར་པ་བཏོད་པ། རང་རྟེན་བཟོ་སྐྲུན་བྱས་པའི“གངས་འབྲུག་གཉིས་པ”རྟགས་ཅན་གླིང་སྣེའི་ཁུལ་དུ་བསྐྱོད་པ། “ཅིའུ་ཀྲང་གཉིས་པ”རྟགས་ཅན་ཚད་རྡུལ་རྩིས་རྒྱག་མ་དཔེའི་འཕྲུལ་འཁོར་ཐོན་ནས་དམིགས་གཏན་འཁེལ་བའི་གནད་དོན་གྲོལ་བ་དེ་རིམ་འདས་རྩིས་རྒྱག་ལས་ལྡབ་དུང་ཕྱུར་དང་དུང་ཕྱུར་གྱིས་མགྱོགས་པ་ཡོད་པ་སོགས་རེད།
དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྔར་ལས་ལེགས་སུ་ཕྱིན་པ།
ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་ཚང་མ་དབུལ་སྒྲོལ་བྱུང་བ་དང་། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.5ལས་བརྒལ་བ་དང་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱུན་མཐུད་ངང་མང་དུ་ཕྱིན་པ། འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་ཚད་100%ཙམ་ཟིན་པ། གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད་མི་གྲངས་དུང་ཕྱུར་13.5ལས་བརྒལ་བ་དང་གཞི་རྩའི་རྒན་གསོ་འགན་བཅོལ་ཁྱབ་ཚད་མི་གྲངས་དུང་ཕྱུར་10ལས་བརྒལ་ཡོད་པ་རེད།
སུའི་ཆེད་དུ་འཕེལ་རྒྱས་གཏོང་ངམ། འཕེལ་རྒྱས་ཇི་ལྟར་གཏོང་དགོས་སམ།
2012ལོའི་ཟླ་11ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་མ་ཐག་པའི་ཞི་ཅིན་ཕིང་གིས། “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་རེད”ཅེས་ཤུགས་དྲག་ལྡན་པའི་ལན་བསྐྱོན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པ་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཕྱོགས་སུ་སྐྱོད་པའི་བར། མི་དམངས་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་པ་རང་རེའི་ཏང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་གྱུར་ནས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་མཛེས་སྡུག་འཆར་གཞི་བཀོད་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་ཟུང་འབྲེལ་དམ་ཟབ་བྱས་ནས་མི་སེར་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
འཛམ་གླིང་གར་སྟེགས་ཀྱི་ལྟེ་བ་དང་ཇེ་ཉེར་སོང་ཞིང་། སྒོ་མོ་ཕྱེ་བའི་ཀྲུང་གོའི་སྒུལ་ནུས་རྦ་རླབས་བཞིན་དུ་འཕྱུར་བ།
རིམས་ནད་སྔོན་འགོག་དང་ཚོད་འཛིན་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་ཡོད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། ཀྲུང་གོའི་ཁྲོམ་ར་ཆེན་པོའི་ཡིད་དབང་འཕྲོག་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད།
འཛམ་གླིང་གི་དཔལ་འབྱོར་ཉམས་དམས་སུ་འགྲོ་བའི་དུས་སུ་ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཞབས་འདེགས་ཚོང་འདུས། ཀོང་ཀྲོའུ་ཚོང་འདུས། འཛད་རྫས་དངོས་མང་སྟོན་ཚོགས་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་ཡིད་དབང་བཀུག་ནས“རྒྱུད་གཅིག་ལམ་གཅིག”གི་གྲོགས་ཚོགས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཉིན་མཚན་ཀུན་ཏུ་བཏང་བ། རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་སོགས་སྒོ་དབྱེའི་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྒུལ་ཤུགས་ཆེན་པོ་བསྣན་པ་དང་དྲོ་སྐྱིད་ཟབ་མོ་བྱིན་ཡོད།
ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བར་ཁྲིད་སྟོན་བྱེད་པའི“བློས་འགེལ་ཆོག་པའི་སྣེ་ཁྲིད་པའི”གྲས་ཤིག་རེད་ཅེས་དཔྱད་གཏམ་སྤེལ་ཡོད།
བྱས་རྗེས་གསར་པ། འགྱུར་ལྡོག་ཁྲོད་དུ་རྣམ་པ་གསར་པ་བཏོད།
“ནད་ཡམས་ལས་ཇི་ལྟར་རྒྱལ་དགོས། ནད་ཡམས་ཐོན་རྗེས་ཀྱི་འཛམ་གླིང་ཇི་ལྟར་སྐྱོང་དགོས”
གནད་དོན་གལ་ཆེན་འདིར་དམིགས་ནས་2022ལོའི་ཟླ་1ཚེས་17ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་སྐབས། “ང་ཚོས་ལོ་རྒྱུས་ཀྱི་དུས་འཁོར་རིང་པོར་ཞིབ་བསྡུར་དབྱེ་ཞིབ་བྱེད་རིང་བསམ་གཞིག་ལ་མཁས་པོ་བྱེད་དགོས་ལ། ཆ་ཤས་ཕྲ་མོ་ནས་བྱ་དངོས་ཀྱི་འགྱུར་ལྡོག་ལ་གསལ་རྟོགས་མཁས་པོའང་བྱས་ཏེ། ཉེན་ཁའི་ཁྲོད་དུ་གོ་སྐབས་གསར་པ་སྐྱེད་སྲིང་དང་འགྱུར་ལྡོག་གི་ཁྲོད་དུ་རྣམ་པ་གསར་པ་གཏོད་དགོས”ཞེས་ལན་ཟབ་མོ་བསྐྱོན་ཡོད།
གནད་དོན་ནི་དུས་རབས་ཀྱི་དུང་བརྡ་ལྟ་བུ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་དུས་རབས་ཀྱི་འགྲན་སློང་ལ་རྒྱུན་ཆད་མེད་པར་ཐད་ཀར་གདོང་གཏུག་པ་དང་དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ལན་བརྒྱབ་སྟེ་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་ཁ་ལོ་བརྟན་པོ་བསྒྱུར་ཡོད།
རིམས་ནད་ཀྱི“གནོན་ཤུགས་ཀྱི་ཚོད་བགམ”ཐེག་པར་བྱས་ནས་དམངས་ཀྱི་ཆེད་དུ་ཡིན་པའི་ཐོག་མའི་བསམ་འདུན་ལ་གསལ་འགྲེལ་བྱས་པ།
མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་ནས་ལོ་བརྒྱ་ལ་སླེབས་པའི་བགྲེས་སོང་ནས་ཕྲུ་གུ་དམར་འབྱར་བར་གྱི་ཚེ་སྲོག་གཅིག་ཀྱང་བློས་བཏང་མེད། “མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་སྲུང་སྐྱོང་བྱེད་ཆེད། ང་ཚོས་གང་ཡིན་ཡང་བློས་བཏང་ཆོག”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་འདི་ནི་དོན་སྙིང་ཟབ་ལ་ཤུགས་དང་ལྡན་པ་ཞིག་ཡོད།
“སྔོན་ལ་རིམས་ནད་ཚོད་འཛིན”དང“སྔོན་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ” “སྔོན་ལ་དཔལ་འབྱོར་ཆག་པ་ནས་འཕར་བ”བཅས་ནས་དཔལ་འབྱོར་འཕེལ་རྒྱས་བརྟན་པོའི་ངང་སླར་གསོ་བྱུང་བའི་བར། ཀྲུང་གོས“ཞིང་ཆུ་ལེབ་གཏོང”མི་བྱེད་པ་མཐའ་འཁྱོངས་དང་། མ་རྩ་ཚུལ་དང་མ་མཐུན་པར་རྒྱ་སྐྱེད་མ་བཏང་སྔོན་འགོག དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་དང་ལྷག་པར་དུ་ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན་བཅས་རྒྱུན་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་པས་འཕར་སྣོན་ཅུང་མཐོ་བ་དང་། དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཅུང་དམའ་བ། ལས་ཞུགས་ཅུང་མང་བ་བཅས་ཀྱི་ལེགས་སྒྲིག་ཧྲག་སྡེབ་མངོན་འགྱུར་བྱུང་ཡོད།
འཕེལ་རྒྱས་ཀྱི་དཀའ་གནད་ཟམ་མི་ཆད་པར་བསལ་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
2012ལོར་ཕྱིར་མིག་ལྟ་སྐབས།
གྲངས་གནས་གཉིས་ཀྱི་འཕར་ཚད་མཐོ་པོ་མཇུག་འགྲིལ་ཏེ། དུས་རབས་གསར་པའི་ཚུན་དུ་ཀྲུང་གོའི་དཔལ་འབྱོར་འཕར་ཚད་8%མན་དུ་ཐེངས་དང་པོ་ཆག་ཡོད། དེ་དང་དུས་མཚུངས་ཡུན་རིང་ཕུང་གསོག་ཐེབས་པའི་གཏིང་ཟབ་པའི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་རྒྱུན་ཆད་མེད་པར་མངོན་ཡོད།
2012ལོའི་ཟླ་12པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཐེངས་དང་པོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་མ་བལྟོས་པར་ཆོས་ཉིད་དང་འགལ་ནས་རྨོངས་ཚོད་ཀྱིས་མྱུར་ཚད་མགྱོགས་པོ་དོན་གཉེར་ཁོ་ན་བྱ་མི་རུང”ཞེས་ནན་བཤད་གནང་ཡོད།
དེ་རྗེས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས“དུས་གསུམ་མཉམ་འཁེལ”གྱི་དུས་མཚམས་སུ་གནས་པ་བརྡར་ཤ་བཅད་པ་ནས་རྒྱུན་རྣམ་གསར་པ་བཏོན་པའི་བར་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བར། དེ་ནས་མྱུར་ཚད་མཐོ་པོའི་འཕར་ཚད་ཀྱི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་བའི་བར་སོགས།
“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཙམ་མ་ཡིན་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཕྱོགས་གང་ཅིའི་ཐད་ཀྱི་སྤྱིའི་བླང་བྱ་ཞིག་ཀྱང་རེད”“དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ལ་བཏོན་པའི་བླང་བྱ་ཙམ་མ་ཡིན་པར་ས་ཁུལ་ཚང་མ་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་བླང་བྱ་ཞིག་ཀྱང་རེད”
རང་རེའི་ཏང་གིས་དཔལ་འབྱོར་གྱི་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་དང་བསམ་ཕྱོགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བརྟན་ཞིང་སྐྱོན་བྲལ་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཡོད།
འཛམ་གླིང་གི་དུས་བབ་ལེགས་སྒྲིག་དང་འཕོ་འགྱུར་ལ་ཁ་གཏད་འཇལ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་པ།
ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་བར་ཆད་ཕྲད་པ་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་སྐྱོད་ཀྱི་རྣམ་པར་ལེགས་སྒྲིག་གཏིང་ཟབ་བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་ལས་ཀྱང་གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་ཇེ་སྡུག་ཏུ་ཕྱིན་ནས་རྒྱལ་ཁབ་ཁག་གི་རྒྱལ་ནང་གི་སེམས་ཁྲལ་ཆེ་རུ་ཕྱིན་ཡོད།
རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད། “དེ་ནི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་བཀོད་ཇུས་དང་སྔོན་སྤེལ་བྱ་སྤྱོད་ཅིག་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་ལེགས་སྒྲུབ་བྱེད་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་རེད་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་པོར་བསྟན་གནང་ཡོད།
ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཐོན་ལས་འཁོར་འབྲེལ་གྱི་བཀོད་སྒྲིག་ལ་དམིགས་ནས་གསར་གཏོད་འཁོར་འབྲེལ་བཀོད་སྒྲིག་བྱེད་པ་དང་གསར་གཏོད་འཁོར་འབྲེལ་ལ་དམིགས་ནས་ཐོན་ལས་འཁོར་འབྲེལ་བཀོད་སྒྲིག་བྱེད་པ། ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏོང་བ་སོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བ་དང་། སྒྱུར་བཅོས་སྒོ་དབྱེའི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་ཡོད།
“མ་གཞི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་གནོན་ཤུགས་ཆེན་པོ་ཡོད་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པས། ང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་ནི་ཚིག་ནན་ཞིང་ཤུགས་དང་ལྡན་པ་ཞིག་ཡོད།
རྡོག་ཐོན་གསར་པ། གོམ་སྟབས་གཅིག་མཚུངས་སྒོ་ནས་མདུན་དུ་བསྐྱོད།
མཁའ་དབྱིངས་ཀྱི་སྐར་ཚོགས་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་མིའི་རིགས་ལ་འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་དང་། ཞི་བའི་ངང་བར་སྣང་བེད་སྤྱོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཅས་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད།
ཀྲུང་གོའི་བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་ཟིན་ཏེ་གཉེར་སྐྱོང་བྱས་པ་དང་། ཟླ་དཔྱད་ལས་གཞི་དུས་ཐེངས་བཞི་ལག་བསྟར་བྱས་པ། མི་བཞུགས་ཟླ་སྐྱོད་ཇུས་གཞི་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་པ། རབས་གསར་པའི་མི་བཞུགས་སྐྱེལ་འདྲེན་འཕུར་མདའ་ཞིབ་བཟོ་བྱས་ནས་འཕེན་གཏོང་བྱས་པ་སོགས་གྲངས་ལས་འདས། འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་གོས་སྐར་ཚོམ་དབུས་སུ་སྐྱོད་པའི་ལམ་བུར་ཆུ་ཚད་མཐོ་བའི་རང་ཚུགས་རང་འཕེལ་གྱི་གོམ་སྟབས་གསར་པ་ཟམ་མི་ཆད་པར་སྤོ་ངེས་རེད།
རྡོག་ཐོན་གསར་པ་བྱེད་པར་གོམ་སྟབས་བརྟན་ལ་གདེང་ཚོད་དེ་བས་ཆེ་བ་དགོས།
ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། འགྲན་སློང་ཆེན་པོར་བབ་བརླིང་ངང་ཁ་གཏད་འཇལ་བ།
2022ལོའི་ཟླ་1ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། བརྗོད་བྱ་གཙོ་བོ་ནི“ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས”པ་འདི་རེད།
2030ལོའི་གོང་ཐཱན་ཚད་མཐོ་ཤོས་སུ་སླེབས་པའི་བརྩོན་ལེན་བྱེད་རྒྱུ་དང་2060ལོའི་གོང་ཐཱན་ཚད་སྙོམས་སྦྱོར་ཧུར་ཐག་ཡོང་བར་བྱེད་པ་ནི་རང་རྒྱལ་གྱི་འཕེལ་རྒྱས་དུས་མཚམས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་ཞིག་ཡིན་པ་ལས། རང་རྒྱལ་གྱིས་ཐཱན་འབུད་ཚད་གོ་ལ་ཧྲིལ་པོ་ནས་ཉུང་དུ་གཏོང་ཚད་མང་ཤོས་ཟིན་པ་བྱེད་རྒྱུ་མཚོན་ཞིང་། ལོ་རྒྱུས་ཐོག་དུས་ཚོད་ཐུང་ཤོས་ནང་ཐཱན་འབུད་ཚད་མཐོ་ཤོས་ནས་ཐཱན་ཚད་སྙོམས་སྦྱོར་ཐུབ་པར་སྔར་འབྱུང་མྱོང་མེད་པའི་དཀའ་ངལ་དང་འགྲན་སློང་འཕྲད་ཀྱི་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལེགས་སྒྲུབ་བྱེད་དགོས།
ཀྲུང་དབྱང་རིམ་ངོས་ནས་ཆ་ལག་ཚང་བའི་ཇུས་འགོད་དང་སྤྱི་ཡོངས་ལ་བཀོད་སྒྲིག་བྱས་ཏེ་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི“1+N”གྱི་སྲིད་ཇུས་མ་ལག་བཙུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་འབྱུང་འཕྲོད་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་ལས། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་བླང་བྱ་དེ་ཆོ་མེད་པ་དང་དོན་དངོས་དང་མི་མཐུན་པ་ཞིག་མིན་པ་གང་ལེགས་མཚོན་པས། ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་དང་མངོན་པར་བྱེད་དགོས།
ལོ་9ལྷག་ཙམ་རིང་རྨང་གཞིའི་རང་བཞིན་དང་། གསར་གཏོད་ཀྱི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ཀྱི་བྱ་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས། ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཡང་དག་པའི་ལམ་ཕྱོགས་སུ་སྣེ་ཁྲིད་ཀྱིས་རླབས་གཤགས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།
ལོ་9ལྷག་ཙམ་རིང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལག་ལེན་ལས་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་ངོས་འཛིན་སྔར་བས་ཁ་གསལ་དང་བརྟན་དུ་ཕྱིན་ཡོད། དེས་ན“ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། བབ་བརླིང་ངང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ། གོམ་སྟབས་གཅིག་གྱུར་ངང་མདུན་སྐྱོད་བཅས་བྱེད་དགོས”
ལམ་ལུགས་དང་བཅོས་སྐྱོང་མ་ལག་དུས་བསྟུན་མདུན་སྐྱོད་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་གསོན་ཤུགས་འཕེལ་བར་བྱས་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།
ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ཏེ་ནུས་ལྡན་ཁྲོམ་ར་དང་བྱས་རྗེས་ལྡན་པའི་སྲིད་གཞུང་ཟུང་འབྲེལ་སྔར་ལས་ལེགས་པ་བྱེད་པར་སྐུལ་འདེད་བཏང་ཡོད། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད། གཞི་ཆེན་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ཡོད།
ལམ་ལུགས་གསར་གཏོད་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང“ཀྲུང་གོའི་བཅོས་སྐྱོང”ཐད་དེ་བས་དབྱར་མཚོ་རྒྱས་པ་བཞིན་གྱི་གསོན་ཤུགས་འཕེལ་ཡོད།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་དམངས་དུང་ཕྱུར་མང་པོའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།
“རྒྱལ་ཁབ་སྐྱོང་བའི་ལུགས་ལས། མི་དམངས་ཕྱུག་འགྱུར་གཙོ་བོ་ཡིན”ཐུན་མོང་ཕྱུག་འགྱུར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་རེད། ད་ལྟ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་ཟིན་ཡོད།
ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་རྟེན་དགོས།
ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུས་བཀག་ལྟར་ཐོག་མར་གཉེར་བའི་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འདུ་ཚོགས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་འཚོགས་ཤིང་། དེ་ནི་སྐྱེ་བོ་གྲངས་ལས་འདས་པས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་ལ་ལེགས་སྐྱེས་ཕུལ་བ་ལས་བྱུང་བ་ཞིག་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་རིང་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁྲི་300ལྷག་ཙམ་གྱིས་སྔ་རྗེས་སུ་འཐབ་ས་དང་པོར་འབད་འཐབ་བྱས་པ་དང་ལ་ལས་ཐ་ན་ཚེ་སྲོག་ཀྱང་འབད་འཐབ་བྱེད་པའི་ས་གཞིར་ལེགས་སྐྱེས་ཕུལ་ཡོད། “འདི་ནི་ཀྲུང་གོའི་སྟོབས་ཤུགས་རེད”
འབྱུང་འགྱུར་ལ་ཕྱོགས་སྐབས། མི་རིགས་བསྐྱར་དར་དང་ཐག་ཇི་ཙམ་ཉེ་ན་ཉེན་ཁ་དང་འགྲན་སློང་དེ་ཙམ་གྱིས་ཆེ་བ་ཡོད་མོད། འོན་ཀྱང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མི་དམངས་དུང་ཕྱུར་མང་པོའི་མཐུན་སྒྲིལ་འབད་འཐབ་ཡོད་ཚེ། འགོག་ཐབས་བྲལ་བའི་སྟོབས་ཤུགས་ཆེན་པོ་ལྡན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་17ཉིན་འབྱོར་བའི་གློག་འཕྲིན)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣