དྲི་བ། ཀྲུང་གོ་གུང་ཁྲན་ཏང་1921ལོར་དབུ་བརྙེས་ཚུན་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་དགོས་དོན་གང་ཡིན་ནམ།
ལན། 《གྲོས་ཆོད》ནང་། “ཀྲུང་གོ་གུང་ཁྲན་ཏང་1921ལོར་དབུ་བརྙེས་ཚུན་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་ཡི་ཡོད”ཅེས་བསྟན་ཡོད། ཆོད་སྡོམ་གལ་ཆེན་དེར་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་རྒྱུར་སྔར་བས་ལྕག་སྐུལ་བྱས་ནས། ཡིད་ཆེས་ཀྱིས་ཁེངས་པའི་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་རླབས་ཆེན་བྱ་གཞག་མངོན་འགྱུར་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
དང་པོ། ཏང་གི་ངོ་བོ་དང་། དམིགས་ཡུལ། རྩ་འཛིན་བཅས་ནས་བལྟས་ཚེ་རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རེད། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་རང་རེའི་ཏང་གིས་སྔོན་ཆད་ཆབ་སྲིད་ཀྱི་སྟོབས་ཤུགས་མཐའ་དག་གིས་རང་ངོས་ཀྱི་དམིགས་བསལ་ཁེ་ཕན་དོན་གཉེར་བྱེད་པའི་ཚད་བཀག་ལས་སྒྲོལ་ཏེ། དབུ་བརྙེས་མ་ཐག་གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་དུ་འབད་འཐབ་བྱ་རྒྱུ་དེ་རང་ཉིད་ཀྱི་རྩ་འཛིན་ལ་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་པ། “མི་དམངས”ཞེས་པའི་ཡིག་འབྲུ་གཉིས་སེམས་སུ་བརྐོས་པ་དང་མི་དམངས་ཀྱི་ཁེ་ཕན་དེ་མཐའ་དག་ལས་ལྷག་པ་མཐའ་འཁྱོངས་བྱ་རྒྱུ་མངོན་གསལ་དོད་པོའི་སྒོ་ནས་རང་ཉིད་ཀྱི་དར་ཆའི་ཐོག་བཀོད་ཡོད། ཏང་གི་ཚོགས་ཆེན་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི《གུང་ཁྲན་ཏང་གི་རྩ་འཛུགས་སྒྲིག་ཡིག་སྐོར་གྱི་གྲོས་ཐག་ཆོད་ཡིག》ནང་། ཀྲུང་གོ་གུང་ཁྲན་ཏང་ནི“འབྱོར་མེད་གྲལ་རིམ་ཁྲོད་གསར་བརྗེའི་སྙིང་སྟོབས་ཆེ་ཤོས་ལྡན་པའི་རྒྱ་ཆེའི་མང་ཚོགས་ཀྱིས་སྒྲིག་འཛུགས་བྱས་ཏེ་འབྱོར་མེད་གྲལ་རིམ་གྱི་ཁེ་ཕན་ཆེད་འབད་འཐབ་བྱེད་མཁན་གྱི་སྲིད་ཏང་ཞིག་ཡིན་པ”དང་། “ཏང་གི་ལས་འགུལ་མཐའ་དག་རྒྱ་ཆེའི་མང་ཚོགས་ཁྲོད་སྤེལ་དགོས” “ངེས་པར་དུ་མང་ཚོགས་དང་ཁ་བྲལ་མི་རུང་བ་ཞིག་ཡིན”ཞེས་བསྟན་ཡོད། 1925ལོར་བློ་མཐུན་མའོ་ཙེ་ཏུང་གིས《〈ཆབ་སྲིད་ཀྱི་གཟའ་འཁོར་རེའི་ཚགས་པར〉བཏོན་པའི་རྒྱུ་རྐྱེན》ནང་། “གསར་བརྗེ་བྱེད་དགོས་དོན་གང་ཡིན་ནམ། དེ་ནི་ཀྲུང་ཧྭ་མི་རིགས་ལ་བཅིངས་འགྲོལ་ཐོབ་པ་དང་། མི་དམངས་ཀྱི་དབང་སྒྱུར་མངོན་འགྱུར་བྱེད་པ། མི་དམངས་ལ་དཔལ་འབྱོར་གྱི་བདེ་སྐྱིད་ཐོབ་པ་བཅས་ཀྱི་ཆེད་དུ་ཡིན”ཞེས་བསྟན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་གྱི་ཚབ་བྱས་ནས་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་ཆགས་འཇིག་བྱེད་པ་ལས་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་པ་དང་སྔར་ནས་ཁེ་ཕན་གྱི་ཚོགས་པ་གང་རུང་ཞིག་དང་། དྲག་ཤུགས་ཚོགས་པ་གང་རུང་ཞིག དམིགས་བསལ་དབང་ཆའི་གྲལ་རིམ་གང་རུང་ཞིག་བཅས་ཀྱི་ཁེ་ཕན་གྱི་ཚབ་བྱེད་ཀྱི་མེད། ཏང་གི་སྒྲིག་ཡིག་ནང་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་དུས་གང་རུང་ཞིག་ལའང་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཆེས་དམ་ཟབ་ཀྱི་འབྲེལ་བ་མཐའ་འཁྱོངས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དེ་ལས་ང་ཚོས་ངེས་པར་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མི་དམངས་ཀྱི་ལོ་རྒྱུས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་པའི་གཅིག་གྱུར་རང་བཞིན་དང་། བླ་ན་མེད་པའི་ཕུགས་བསམ་ཆེད་འབད་འཐབ་དང་ཆེས་རྒྱ་ཆེའི་མི་དམངས་ལ་ཁེ་ཕན་དོན་གཉེར་བྱེད་པའི་གཅིག་གྱུར་རང་བཞིན། ཏང་གི་ལས་དོན་ཁག་ལེགས་སྒྲུབ་དང་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་གཅིག་གྱུར་རང་བཞིན་བཅས་མཐའ་འཁྱོངས་ཀྱིས་ནམ་ཡང་མང་ཚོགས་དང་མི་བྲལ་བ་དང་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གཉིས་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རླབས་ཆེན་ལག་ལེན་ནས་བལྟས་ཚེ། ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་འཐབ་བྱས་པ་མཐའ་དག་དང་། བློས་གཏོང་མཐའ་དག གསར་གཏོད་མཐའ་དག་བཅས་མདོར་བསྡུས་ན་བརྗོད་དོན་གཙོ་བོ་གཅིག་ཡིན་པ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་རྒྱུ་དེ་རེད། རང་རེའི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཕྱོགས་བསྡུས་བྱས་ན་དེ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱེད་པའི་ལོ་རྒྱུས་ཤིག་དང་མི་དམངས་དང་གཅིག་སེམས་གཅིག་འབྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་ཀྱི་ལོ་རྒྱུས་ཤིག་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག རི་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད་པ་དང་དྲག་ཤུགས་ཀྱི་གསར་བརྗེར་བརྟེན་ནས་དྲག་ཤུགས་ཀྱི་གསར་བརྗེའི་ངོ་རྒོལ་ལ་ངོ་རྒོལ་བྱས་ཏེ་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་རྩ་སློག་བཏང་བ་དང་མི་དམངས་རང་ཁྱིམ་རང་བདག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་གཞི་རྩའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བཏོད་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་རིང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་སོགས་ཐད་ཀྱི་འགྲན་སློང་དྲག་པོ་ལས་རྣམ་པར་རྒྱལ་བ་དང་ཀྲུང་གོར་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་རྒྱུན་མཐུད་པའི་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་གཉའ་གནོན་ལམ་ལུགས་རྩ་གཏོར་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་པ་མ་ཟད། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་ཀྱང་བཏང་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཆབ་སྲིད་ཀྱི་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་ཡོད། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་རབས་གསར་པར་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་ཀྱོག་མཚམས་རླབས་པོ་ཆེ་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་ཏང་གི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱུང་བ། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། ཕྱོགས་ཁག་གི་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲོལ་གཏོད་དང་། མཐའ་འཁྱོངས། སྲུང་སྐྱོང་། གོང་འཕེལ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་གསོན་ཤུགས་གསར་པས་ཁེངས་པའི་སྒྲིག་སྲོལ་གྱི་འགན་ལེན་དང་འཕེལ་རྒྱས་མྱུར་པོ་ཡོང་བའི་དངོས་པོའི་ཆ་རྐྱེན་བསྐྲུན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྗེས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། སྒྲིག་སྲོལ་ལྟར་ཏང་སྐྱོང་མཐའ་འཁྱོངས་དང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་པར་བྱེད་པ། ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ཉིད་འགྱུར་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་རེད།