དབུ་ཤོག>ཆེད་སྒྲིག
  • “མཛེས་སྡུག་ལྡན་པའི་བསྟི་ཡག་ནི་ངའི་ཁྱིམ་གཞིས་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-15

    ལེ་ཚན་གཏོད་པའི་གཏམ།

    “འཛུགས་གཏོད་བཞིར”་སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། “སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ། “དོན་ཆེན་བཞི”ལ་དམིགས་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བ་བཅས་བྱེད་པའི་བཀོད་སྒྲིག་གལ་ཆེན་གནང་བ་དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་རྣམ་པ་གསར་རྐྱང་ཞིག་གཏོད་ཐུབ་ངེས་རེད།

    དེ་རིང་ནས་བཟུང་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས“‘འཛུགས་གཏོད་བཞིར’སྐུལ་འདེད་གཏོང་བ་དང‘མདུན་གྲལ་དུ་སླེབས་པ་བཞི’”ཧུར་ཐག་བྱེད་པའི་སྐོར་གྱི་ལེ་ཚན་གཏོད་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོས་དོ་སྣང་ཡོད་པ་ཞུ།

    མངའ་རིས་ཀྱི“སྔོ་ལྗང་མཛེས་ལྗོངས་ཁུལ་ཆུང་ངུ”ཞེས་གྲགས་པའི་བསྟི་ཡག་ཤང་ནི་བོད་ནུབ་རྒྱུད་ཀྱི་ས་ཆ་མཛེས་ཤོས་ཀྱི་གྲས་ཤིག་རེད་ལ་ཉེན་ཁ་ཆེ་ཤོས་ཀྱི་ས་ཆའི་གྲས་ཤིག་ཀྱང་རེད།

    རྩ་མདའ་རྫོང་གྲོང་ནས་ཐོན་ཏེ་རི་རྒྱུད་དུ་བསྐྲུན་པའི་སྣུམ་ནག་ལམ་བུ་བརྒྱུད་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་གངས་རི་བརྒལ་བ་དང་ཁུག་ཆ་383བསྒྲལ་ནས་ཐུར་དུ་བབས་ཚེ་ས་བབ་མཐོ་ཚད་སྨི་2700ཟིན་པའི་བསྟི་ཡག་ཤང་ང་ཚོའི་མིག་ལམ་དུ་མངོན་བྱུང་། སྤྱི་ལེ་260ཡི་ལམ་ཐག་ཏུ་གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་བཞི་དང་ཕྱེད་ཀ་བསྐྱོད་པས་མཐར་ཤང་སྲིད་གཞུང་གནས་ཡུལ་གྱི་བསྟི་ཡག་གྲོང་ཚོར་འབྱོར།

    “ཤང་དེ་ཡོངས་སུ་དུད་ཚང་227དང་མི་827ཡོད་པ་ཚང་མ་ནི་མཐའ་མཚམས་སྲུང་མཁན་ཤ་སྟག་རེད”ཅེས“85ནང་སྐྱེས”ཀྱི་བསྟི་ཡག་ཤང་གི་ཤང་ཀྲང་མཚོ་མོས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་ང་ཚོའི་འདི་གར་ན་སོ་དར་ལ་བབས་པའི་གྲོང་མི་ཚང་མར་སྐོར་གཡེང་བྱེད་པའི་ལས་འགན་ཞིག་ཡོད་པ་སྟེ། མཐའ་མཚམས་དང་ཉེ་བའི་གྲོང་མི་ཚོས་མཐའ་མཚམས་སུ་སྐོར་གཡེང་བྱེད་པ་དང་ནང་ཁུལ་དུ་ཡོད་པའི་གྲོང་མི་ཚོས་ཉེ་འགྲམ་དུ་སྐོར་གཡེང་བྱེད་ཀྱི་ཡོད་པ་དེ་རེད་ཅེས་བརྗོད།

    བྱེད་ཐབས་རབ་དང་རིམ་པ་སྤེལ་ནས་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད།

    འདི་གར་མཐའ་མཚམས་སྲུང་རྒྱུ་ནི་རྒྱུན་རྣམ་ཞིག་རེད། ཡིན་ནའང་ལྷན་སྐྱེས་ཀྱི་སྙིང་སྟོབས་ཆེན་པོ་ཞིག་མངོན་པ་སྟེ། ང་ཚོ་འཚོ་བ་སྐྱེལ་ས་ནི་ཀྲུང་གོའི་ས་ཆ་ཡིན་པས་རེད།

    དེ་ནི་སྤྱིར་བཏང་གི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་ཞིང་། མཐའ་སྲུང་བྱེད་པར་དབྱེ་མཚམས་ཡོད་མོད། འོན་ཀྱང་ལེགས་སྐྱེས་འབུལ་བར་རྫོགས་མཐའ་མེད། བསྟི་ཡག་ཤང་དུ་ཉིན་གསུམ་དང་མཚན་མོ་གཉིས་བཅར་འདྲི་བྱེད་རིང་། གསར་འགོད་པར་དེ་ལྟ་བུའི་སྙིང་སྟོབས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། དེ་གར་གསོན་ཤུགས་གསར་པ་ཞིག་འཕྱུར་བཞིན་ཡོད་པ་ཤེས་རྟོགས་ཀྱང་ཐུབ་བྱུང་།

    དམག་མི་ཕ་བུ་གཉིས།

    “ང་ཚོས་བསྐྱོད་མྱོང་བའི་ལམ་བུ་ནི་ཀྲུང་གོའི་ས་མཚམས་ལམ་ཐིག་ཡིན”

    ལོ་67ལ་སླེབས་པའི་བསྟི་ཡག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ནོར་བུ་ནི་ཁ་བབས་ལྕི་བའི་མི་ཞིག་རེད།

    བུ་ཡོད་སའི་དམག་སྒར་ནས་རླངས་འཁོར་ལ་བསྡད་ན་ཁྱིམ་དུ་སྐར་མ་བཅུ་ཙམ་ལས་འགོར་གྱི་མེད། བུས་སོ་ལྟ་བྱེད་པའི་སྐབས་དང་བསྟུན་ཏེ་ཁོང་གིས་རྐང་བཙུགས་ནས་ལམ་དེ་བརྒྱུད་ནས་འགྲོ་གི་ཡོད། ཡིན་ནའང་ཕ་བུ་གཉིས་ཕན་ཚུན་ལྟ་ཙམ་བྱེད་པ་ལས་སྐད་ཆ་གཏན་ནས་ཤོད་ཀྱི་མེད། ལོ་22ཀྱི་གོང་། ཁོང་གིས་ཀྱང་ད་ཆ་བུས་སོ་ལྟ་བྱ་ཡུལ་དེར་སོ་ལྟ་བྱས་ནས་སྡོད་མྱོང་ཡོད།

    ཚེ་རིང་ནོར་བུའི་སྐོར་གླེང་སྐབས། གྲོང་མི་ཚང་མས་ཁོང་ནི་མི་གཞུང་དྲང་ཞིག་ཡིན་པ་ཤེས་ནའང་། ཁོང་གི་ཁྱིམ་ཚང་སྐོར་ལ་མི་མང་པོས་དེ་ཙམ་ཤེས་ཀྱི་མེད།

    “བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ངའི་པཱ་ལགས་ཀྱིས་རྒྱ་རིགས་དམག་མིས་མི་གསོད་ཀྱི་འདུག་ཅེས་པའི་མི་ངན་གྱི་དཀྲོག་གཏམ་ལ་ཡིད་ཆེས་བྱས་ཏེ། ང་ཚོ་ནང་མི་ཚང་མ་རྒྱ་གར་དུ་བྲོས་བྱོལ་ལ་ཕྱིན་པ་ཡིན”ཞེས་ཚེ་རིང་ནོར་བུས་བརྗོད་པ་དང་། ཁོང་གིས་སྐབས་དེར་ས་གནས་དེ་གར་གནམ་གཤིས་ཚ་བ་ཆེ་བ་དང་ས་ཆུ་མི་འཕྲོད་པའི་རྐྱེན་གྱིས་ངའི་གཅེན་པོ་ཚེ་ལས་འདས་སོང་ཞེས་བརྗོད།

    ནང་མི་ཚང་མ་ཕྱི་རྒྱལ་དུ་འཚོ་བ་སྐྱེལ་བར་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་པ་དང་བཅིངས་འགྲོལ་དམག་མི“བྱམས་སེམས་ཅན”ཡིན་པ་ཤེས་རྗེས་ལོ་གཅིག་སོང་རྗེས་ཁོ་ཚོས་ཕ་ཡུལ་དུ་ལོག་པའི་གདམ་ག་བྱས།

    1984ལོའི་དགུན་ཁར། ཚེ་རིང་ནོར་བུ་བསྟི་ཡག་ཤང་གི་དམག་ལ་ཞུགས་མཁན་གྱི་ན་གཞོན་དང་པོར་གྱུར་པ་དང་ཕ་ཡུལ་དུ་ལས་བགོས་བརྒྱབ་ནས་མཐའ་སྲུང་འཐབ་འཛིང་བ་ཞིག་ཆགས། གནས་བབ་ལ་འགྱུར་ལྡོག་ཕྱིན་པས་ཁོང་གིས་འདི་ག་ནི་ཕ་ཡུལ་ཡིན་པ་ཙམ་མ་ཟད་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་ཞིག་ཀྱང་ཡིན་པ་ཤེས།

    ཚེ་རིང་ནོར་བུར་བྱས་རྗེས་རིམ་པ་གསུམ་པ་ཐེངས་དྲུག་ཐོབ་མྱོང་ཡོད། བྱས་རྗེས་གཟེངས་རྟགས་ནི་ཁོང་གིས་དགའ་ཤོས་བྱེད་པའི་བྱ་དགའ་ཞིག་རེད། “དམག་ཞབས་མ་ཐིམ་གོང་ངས་གཟེངས་རྟགས་གསུམ་འཐབ་གྲོགས་ལ་སྤྲད་པ་ཡིན། གང་ལགས་ཤེ་ན་ཕན་ཚུན་དབར་བརྩེ་བ་ཟབ་མོ་ལྡན་པས་ཡིན”ཞེས་ཁོང་གིས་འཛུམ་དམུལ་དམུལ་ངང་བཤད།

    དམག་དཔུང་ནས་ཁྱིམ་བར་ལམ་ཐག་སྤྱི་ལེ་ཁ་ཤས་ལས་མེད། འོན་ཀྱང་ཁོང་རྟག་ཏུ་ཁྱིམ་དུ་ལོག་ཐུབ་ཀྱི་མེད། འཁོར་ཞག་ལ་ཁྱིམ་དུ་ཐེངས་དང་པོ་ལོག་སྐབས། བུས་ཁོང་ལ་ཅེར་ནས་ལྟ་བ་ལས་ངོ་གཏན་ནས་ཤེས་མེད།

    ལོ་ཤས་གོང་ཁོང་གིས་རང་གི་བུ་ལ་མཐོ་རིམ་སློབ་འབྲིང་ཐོན་རྗེས་ངེས་པར་དུ་དམག་མི་བྱེད་དགོས་པའི་བཀའ་ཕབ།

    “དང་ཐོག་དམག་མི་བྱེད་འདོད་མ་བྱུང”ཞེས་ལོ་24ལ་སླེབས་པའི་རིན་ཆེན་རྒྱ་མཚོས་བཤད།

    ད་ཆ་ཁོང་གི་བུ་མཐའ་སྲུང་དཔུང་སྡེའི་འཐབ་འཛིང་བ་ཞིག་ཏུ་གྱུར་ཡོད། བསམ་བློར་འགྱུར་ལྡོག་བྱུང་བའི་སྐོར་གླེང་སྐབས། རིན་ཆེན་རྒྱ་མཚོས་པཱ་ལགས་ཀྱི་ཞབས་རྗེས་དེད་ནས་མཐའ་མཚམས་སུ་སྐོར་གཡེང་ཐེངས་དང་པོ་བྱེད་སྐབས། གཞི་ནས་པཱ་ལགས་ལ་བསམ་ཤེས་ཐུབ་བྱུང་ཞེས་བཤད།

    “ང་ཚོ་སྐོར་གཡེང་བྱེད་ས་ནི་ཀྲུང་གོའི་ས་མཚམས་ལམ་ཐིག་ཡིན་པས། སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་རིན་ཆེན་རྒྱ་མཚོས་བཤད།

    བསྟི་ཡག་ཤང་གི་ཕ་བུ་གཉིས་ཀྱིས་དམིགས་བསལ་གྱི་རྣམ་པར་བརྟེན་ནས་མཐའ་མཚམས་སྲུང་བའི་ལས་འགན་རྒྱུན་འཛིན་བྱེད་ཀྱི་ཡོད། དེ་ནི་སྙིང་སྟོབས་རྒྱུན་འཛིན་བྱས་པ་ཞིག་རེད་ལ། བསྟི་ཡག་གི་དམག་དམངས་ཚོས་ཕྱར་བ་གྲུ་འདེགས་ངང་མཐའ་མཚམས་སུ་རིག་རྒྱུ་མེད་པའི་ལྕགས་རི་རིང་པོ་ཞིག་བསྐྲུན་པ་དེ་རེད།

    “སྙིང་རུས་ཅན”གྱི་མཐའ་མཚམས་སྲུང་མཁན།

    “འདི་ནི་ང་ཚོའི་ཕ་མེས་ཀྱི་ནོར་ལུག་འཚོ་ས་རེད”

    ཤང་སྲིད་གཞུང་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་རྗེས། གསར་འགོད་པ་སྲིབ་སྐྱིད་གྲོང་ཚོའི་མཐའ་མཚམས་དང་ཐག་ཉེ་ཤོས་ཀྱི་ཚོགས་ཆུང་དུ་འབྱོར། གྲོང་མི་ཚོ་རི་འདབས་སུ་སྡོད་པ་དང་། རི་རྩེ་ནི་མཐའ་མཚམས་རེད།

    བསམ་ཡུལ་ལས་འདས་པ་ཞིག་ལ“ཉིས་སྟོང་ནང་སྐྱེས”ཀྱི་རིག་འཛིན་ཆོས་སྒྲོན་ནི་གྲོང་ཚོའི་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པ་དང་ཚོགས་ཆུང་གི་ལས་དོན་ཆེ་ཆུང་ཚང་མ་ཁོ་མོས་འགན་འཁུར་གྱི་ཡོད། དགུང་ཟས་བཟས་མ་ཐག་ཁོ་མོས་རྒྱང་ཤེལ་ཁྱེར་ནས་གྲོང་མི་གཞན་གཉིས་དང་མཉམ་དུ་མཐའ་མཚམས་ཀྱི་ལམ་ཐིག་ཏུ་སྐོར་གཡེང་བྱེད་འགོ་ཚུགས།

    ཁོང་གིས་སྐོར་གཡེང་བྱེད་པ་ནི་ཁོ་ཚོའི་རྒྱུན་གཏན་གྱི་ལས་ཀ་ཞིག་རེད། “ང་ཚོས་ཉིན་གཅིག་ལ་སྐོར་གཡེང་ཐེངས་གསུམ་བྱེད་ཀྱི་ཡོད” ཅེས་བཤད། གསར་འགོད་པར་ཁོ་མོ་འཕྲད་སྐབས། ཁོ་མོ་སྐོར་གཡེང་བྱས་ནས་ལོག་ཡོང་བའི་སྒང་རེད། རིག་འཛིན་ཆོས་སྒྲོན་གྱི་ཁྱིམ་ལ་སྨི་ངོས་གྲུ་120ཙམ་ཡོད་པ་དང་། གཡབ་ཤེལ་དུ་འཛུལ་རྗེས་རིག་འཛིན་ཆོས་སྒྲོན་གྱིས་སེམས་རྩ་འཁོལ་པོས་གསར་འགོད་པར་སྣེ་ལེན་ཞུས་ཏེ་མཐའ་སྲུང་གི་གཏམ་རྒྱུད་གླེང་བྱུང་།

    འདི་གར་སྐབས་རེ་ལྷིང་འཇགས་དེ་ཙམ་མེད། 2017ལོར་རྒྱ་སྐད་མི་ཤེས་ལ་བོད་སྐད་ཀྱང་མི་ཤེས་པའི་དོགས་ཡོད་མི་སྣ་ཞིག་གྲོང་ཚོའི་མཐའ་མཚམས་ཚོང་དོན་ཁྲོམ་རར་སླེབས་པ་དང་། གྲོང་ཚོའི་ཕོ་གཞོན་གསུམ་གྱིས་ཤེས་རྗེས། ཁོ་པ་བཟུང་ནས་གྲོང་ཚོ་ཨུ་ལྷན་དུ་ཁྲིད་པ་མ་ཟད། གྲོང་མི་ཚོས་དོགས་ཡོད་ཉེས་ཅན་གྱིས་རྡོའི་འོག་ཏུ་སྦས་པའི་ལག་ཁྱེར་རྙེད་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཁོ་པ་ནི་ཕྱི་རྒྱལ་གྱི་མཐའ་མཚམས་སུ་ལྐོག་འཛུལ་བྱེད་མཁན་ཞིག་ཡིན་པ་ཁོ་མོར་གསལ་པོ་ཤོད་རྒྱུ་ཡོད།

    “ང་ཚོས་དོགས་ཡོད་མི་སྣ་གཅིག་ཀྱང་རྒྱ་ཡན་དུ་གཏོང་མི་རུང” ཞེས་རིན་ཆེན་ཆོས་སྒྲོན་གྱིས་བཤད།

    སྐབས་འགར་ལྟ་དུས་ལྷིང་འཇགས་ཡིན་རུང་དོན་དམ་དུ་སྔར་མུས་བཞིན་ཉེན་ཁ་ཆེ།

    དེ་སྔ་ལོ་12སྲིབ་སྐྱིད་གྲོང་ཚོའི་ཚོགས་ཆུང་གི་ཙུའུ་ཀྲང་བྱེད་མྱོང་བའི་ཆོས་འཛོམས་སྒྲོལ་མར་ཉེན་ཁ་ཞིག་འཕྲད་མྱོང་ཡོད་པ་སྟེ།

    2012ལོའི་ཟླ་6ཚེས་12ཉིན་ཁོང་དང་ཤང་གི་ལས་བྱེད་པ་མཐའ་མཚམས་སུ་རྩྭ་ཁ་བགོ་སྐབས་གློ་བུར་དུ་མི་ཞིག་གིས་རང་ཉིད་ལ“ཁྱོད་ཚོ་གང་བྱེད་ཀྱི་ཡོད་དམ། འདི་གར་ཡོང་མི་ཆོག”ཅེས་བཤད་པ་ཐོས།

    ཆོས་འཛོམས་སྒྲོལ་མས་མགོ་བོ་བཏེགས་ནས་ལྟ་སྐབས། ཕྱི་རྒྱལ་གྱི་དམག་མི་གཉིས་ཀྱིས་མཐའ་མཚམས་ཀྱི་ལྕགས་དྲའི་འགྲམ་ནས་ཁོ་ཚོར་ལྟ་གི་ཡོད་པ་མཐོང་། “ང་ཚོས་ཁོ་ཚོ་སླེབས་པ་མཐོང་འཕྲལ་གོང་རིམ་ལ་སྙན་སེང་ཞུ་བར་འགྲོ་རྩིས་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོ་གོམ་པ་ཁ་ཤས་སྤོས་མ་ཐག་ཁོ་གཉིས་ཀྱིས་ང་ཚོ་རྗེས་འདེད་བཏང་ནས་ཞིབ་བཤེར་བྱས་བྱུང”ཞེས་བཤད་བྱུང་།

    སྐབས་དེ་དུས་ཆོས་འཛོམས་སྒྲོལ་མས་ཉེན་ཁར་མ་འཛེམས་པར་སྐད་ཤུགས་ཆེན་པོས“འདི་ནི་ང་ཚོ་ཀྲུང་གོའི་ས་ཆ་རེད། ང་ནི་ས་ཆ་འདི་གར་འཚར་ལོངས་བྱུང་བ་ཞིག་ཡིན། ཁྱེད་ཚོར་ང་ཚོའི་ས་ཆར་ཐེ་ཇུས་བྱེད་དབང་མེད་པས་གང་མགྱོགས་འདི་ནས་ཁ་འབྲལ་རོགས”ཞེས་བཤད།

    ཕ་རོལ་པོས་ཆོས་འཛོམས་སྒྲོལ་མའི་རྣམ་འགྱུར་དྲག་པོ་མཐོང་འཕྲལ། ཁ་ཡ་མ་བྱས་པར་ལོག་རྒྱུ་ལས་ཐབས་ཤེས་གང་ཡང་མེད་པར་གྱུར།

    ཆོས་འཛོམས་སྒྲོལ་མས“ང་ཚོའི་རྒྱབ་ཕྱོགས་སུ་མེས་རྒྱལ་སྟོབས་ཆེན་ཡོད་པས་སྐྲག་དགོས་དོན་གང་ཡང་མེད”ཅེས་བཤད།

    ལེ་དབར་སྟོང་ཚོ་བརྒལ་བའི་ལས་འབྲེལ།

    “ང་དང་བསྟི་ཡག་གི་ཡུལ་མི་ཚོས་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཀྱི་ཡིན”

    མགོ་སྐྲ་དཀར་པོར་གྱུར་པའི་ལའོ་དབྱང་ནི་སྙིང་རུས་ཅན་ཞིག་རེད། ཕ་ཡུལ་ཅང་སུའུ་ཞུས་ཀྲོའུ་ནས་བསྟི་ཡག་ཏུ་སླེབས་པ་དང་། ད་བར་བསྟི་ཡག་ཏུ་བགྲང་བྱ་25ཙམ་འཚོ་བ་བསྐྱལ་ནས་བསྡད་ཡོད།

    ལའོ་དབྱང་གི་མིང་ངོ་མར་དབྱང་ཀུའེ་ཧྥང་ཟེར།

    བསྟི་ཡག་ཏུ་ཡོང་དོན་གང་ཡིན་ཟེར་ན།

    ལོ་40ཡི་གོང་དེ་དུས་ཁོང་ལོ་19ལ་སླེབས་པ་དང་། ཐོག་མའི་བརྩེ་གྲོགས་ནད་ཀྱིས་མནར་ནས་གྲོངས་པས་ཁོང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས། ལོ་38ལ་སླེབས་སྐབས་བསྟི་ཡག་ཏུ་ལས་ཀ་བྱེད་རིང་བརྩེ་དུང་གི་རེ་བའི་མེ་ལྕེ་གསར་པ་ཞིག་འབར་འགོ་ཚུགས།

    སྐབས་དེ་དུས་བསྟི་ཡག་ཏུ་ཕྱོགས་མི་ཉུང་བ་དང་། ཕོ་ཧྲེང་དབྱང་ཀུའེ་ཧྥང་མཐོང་སྐབས་ཡུལ་མི་ཚོས་ཁོང་ལ་དགའ་རོགས་འཚོལ་རོགས་བྱས། ཕྱིས་སུ་དབྱང་ཀུའེ་ཧྥང་གིས་ཚེ་རིང་སྒྲོལ་མ་ངོ་ཤེས་ནས་ཁྱིམ་ཐབ་བཟུང་།

    “ཐོག་མར་ཞུས་ཀྲོའུ་རུ་སྡོད་རྩིས་ཡོད་མོད། འོན་ཀྱང་སྐབས་དེ་དུས་ཕྲུ་གུས་ད་དུང་རྒྱ་སྐད་ཤོད་མི་ཤེས་པས། དབྱང་ཀུའེ་ཧྥང་གི་ཕ་ཡུལ་དུ་སློབ་གྲྭར་གཏོང་ཐབས་བྲལ”བར་བརྟེན། བཟའ་ཚང་གཉིས་ཀྱིས་བསྟི་ཡག་ཏུ་འཚོ་བ་སྐྱེལ་བའི་སེམས་ཐག་བཅད།

    1997ལོར་ཁོང་གིས་ཡུལ་མི་ཚོར་ཁང་པ་རྒྱག་རོགས་བྱེད་སྐབས་ཉིན་གླ་སྒོར་5ལས་མེད།

    2005ལོར་སྲིབ་སྐྱིད་གྲོང་ཚོར་ཨར་འདམ་ཟམ་པ་ཞིག་སྐྲུན་དགོས་ཤིང་། ཤང་ནས་ཁོང་བཙལ་རུང་ཨར་འདམ་ཏུན་5ལས་ཨར་སྐྲུན་རྒྱུ་ཆ་གཞན་གང་ཡང་མེད།

    ཁོང་གིས་ཨར་འདམ་གྲོན་ཆུང་བྱེད་ཆེད། ཨར་འདམ་མང་ཆེ་བ་ཟམ་གདན་ལ་སྤྱད་པ་དང་ཟམ་ངོས་སུ་རྡོ་ལེབ་བཏིང་ཡོད། ལས་འགོ་ཚུགས་རྗེས་ཟམ་གདན་བརྟན་པོ་ཡོང་ཆེད། ཁོང་གིས་ཆུར་མཆོངས་པས་རྐང་པར་ཨར་འདམ་གྱིས་རྨས་སྐྱོན་ཕོག

    ཁོང་གིས“ཉེན་ཁ་ཆེན་པོ་ཡོད་པས་ང་གཅིག་པུས་འགྲིག”ཅེས་སྣང་མེད་ངང་བཤད། ལའོ་དབྱང་གི་བྱེད་སྟངས་དེས་ཡུལ་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད།

    དེ་རྗེས་ལའོ་དབྱང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ལས་དཔོན”དུ་གྱུར། འོན་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་གྱི་འཁོས་ཀ་ཧ་ཅང་ཞན། ཁོང་གིས“ངས་ལས་ཀ་འགན་གཙང་བླངས་ནས་གླ་ཆ་ཚང་མ་བགོ་བཤའ་འདྲ་མཉམ་བརྒྱབ་པ་ཡིན། ངས་ཁེ་བཟང་གང་ཡང་བླངས་མེད”ཅེས་བརྗོད་པ་དང་། དང་ཐོག་ཉིན་གླ་སྒོར་5ལས་མེད་པ་ནས་ད་ཆ་ཉིན་གླ་སྒོར་སུམ་བརྒྱ་བཞི་བརྒྱ་ཡོད་པའི་བར་ལའོ་དབྱང་གིས་སྔར་རྒྱུན་བཞིན་ཡུལ་མི་ཚོར་བགོ་བཤའ་འདྲ་མཉམ་རྒྱག་གི་ཡོད།

    ཕྱི་ནས་ཡོང་བའི་ཁོང་ད་ཆ“བསྟི་ཡག་པ་རྙིང་པར”གྱུར་ཡོད། གྲོང་ཚོའི་སྔོ་ཚལ་འདེབས་མཁན་དང་པོ་དང་བྱེ་ཐང་ལ་འབྲས་ཤིང་འདེབས་མཁན་དང་པོ་ཁོང་ཡིན་པ་མ་ཟད། གྲོང་ཚོར་བླ་གབ་མེད་པའི་གསང་སྤྱོད་སྐྲུན་རོགས་བྱེད་མཁན་ཡང་ཁོང་རེད།

    ད་ཆ་བསྟི་ཡག་ཤང་གི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་1.2ཟིན་པ་དང་། ཀུ་ཤུའི་སྡོང་པོ་ཁྲི་1.8ལྷག་ཙམ་ཟིན་གྱི་ཡོད། ལོ་འགའི་སྔོན་འདི་གར་ཚང་མ་དབུལ་སྒྲོལ་བྱུང་ནས་མཐའ་དར་དམངས་ཕྱུག་གི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།

    བསྟི་ཡག་ཏུ་གཞིས་ཆགས་པའི་བུ་མོ་སྤུན་གསུམ།

    “ང་ཚོ་དང་གྲོང་ཁྱེར་ཆེན་པོའི་དབར་ས་ཐག་རིང་པོ་ཆོད་རུང་། འབྱོར་འབྲིང་འཚོ་བ་དང་བར་ཐག་ཉེ་རུ་ཕྱིན་ཡོད”

    ཚེ་རིང་སྐྱིད་ལགས་ལས་ལ་བརྩོན་ཞིང་སྒམ་བརླིང་ལྡན་པ་དང་། གཡང་སྒྲོན་ཁ་ཤ་འཕེར་ལ་འཕྲལ་ཐག་ཆོད་པ། མིག་དམར་ལྷ་མོ་སྤྱང་གྲུང་འཛོམས་ལ་རྣམ་པ་མཛེས་པ་བཅས་ཡོད་པ་གསར་འགོད་པར་བག་ཆགས་དེ་འདྲ་ཞིག་བྱུང་།

    “བསམ་ཡུལ་ལ་འདས་པ་ཞིག་ལ་ང་ཚོ་ལྕམ་སྲིང་བཞི་ནས་གཅེན་མོ་རྒན་ཤོས་ཕུད་པའི་དེ་མིན་ཚང་མ་སྤྱི་ལེ་1300ཆོད་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆོས་མ་གྲོང་ཚོ་ནས་འདིར་མནའ་མར་སླེབས་པ་རེད”ཅེས་ལོ་34ལ་སླེབས་པའི་བུ་མོ་འབྲིང་བ་གཡང་སྒྲོན་གྱིས་དབུགས་རིང་གཏོང་བཞིན་བརྗོད། ཁོ་མོ་ནི་ལྕམ་སྲིང་གསུམ་གྱི་ནང་ནས་བསྟི་ཡག་ཤང་དུ་མནའ་མར་ཡོང་མཁན་དང་པོ་དེ་རེད།

    གཡང་སྒྲོན་གྱི་ཁྱོ་ག་བསོད་ནམས་རིན་ཆེན་ནི་བསྟི་ཡག་ཤང་ནས་ཡིན་པ་དང་། ཁོང་གཉིས་མཚོ་ཆེན་རྫོང་དུ་གཞུང་ལམ་སྐྲུན་སྐབས་ངོ་ཤེས་པ་རེད། 2009ལོར་གཡང་སྒྲོན་བསྟི་ཡག་ཤང་དུ་ཐོག་མར་སླེབས་པ་དང་། མཚོ་ཆེན་རྫོང་ནས་ལམ་ཐག་སྤྱི་ལེ་1000ལྷག་ཙམ་ཡོད་པར་དུས་ཡུན་ཉིན་བདུན་བརྒྱད་ཙམ་འགོར་བ་དང་། ལམ་བར་དུ་གཡང་སྒྲོན་གྱི་སེམས་ལ་རེ་སྒུག་གིས་ཁེངས་ཡོད།

    བསྟི་ཡག་ཤང་དུ་སླེབས་ནས་ཉིན་ཤས་ལས་མ་སོང་བར་ཁ་བས་རི་ལམ་འགགས་པས། ཁོ་མོ་བསོད་ནམས་རིན་ཆེན་གྱི་ཁྱིམ་དུ་ཞིང་ལས་བྱས་ནས་སྡོད་རྒྱུ་ལས་མ་འདས། དེ་དུས་ཁྱིམ་གྱི་ཁང་པ་གོག་ཧྲུལ་ཡིན་པ་མ་ཟད། རྨོ་ཞིང་ཡང་མང་པོ་མེད།

    འཚོ་ཐབས་གང་འདྲ་བྱེད་པའི་ཐད། ཤང་དུ་ལམ་བཟོ་བའི་སྐབས་དང་བསྟུན་ནས་གཡང་སྒྲོན་དང་བསོད་ནམས་རིན་ཆེན་གྱིས་སྒོར་ཁྲི་2.2བཏང་སྟེ་ཕྱོགས་མིའི་ས་ནས་ཉིས་བརྒྱུད་ཐོ་ཕྲུག་ཅིག་ཉོས།

    བསོད་ནམས་རིན་ཆེན་གྱིས་ཐོ་ཕྲུག་བཏང་ནས་རྡོ་དབོར་བ་དང་གཡང་སྒྲོན་གྱིས་ཨར་ལས་བྱ་ཡུལ་དུ་མ་བྱན་བྱས། ཟླ་བ་བཞི་སོང་རྗེས་ལས་གྲྭ་མཇུག་འགྲིལ། གླ་ཆ་རག་རྗེས་བཟའ་ཚང་གཉིས་ཀྱིས་ཁང་པ་གོག་ཧྲུལ་ཞིག་ཏུ་དངུལ་རྩིས་ཡང་ཡང་རྒྱག་སྐབས་ཁྱོན་སྒོར་ཁྲི་བརྒྱད་བསགས་ཐུབ་ཡོད་པ་ཤེས་རྗེས། ཁོ་གཉིས་ལ་དགའ་ཚོར་ཆེན་པོ་སྐྱེས།

    “ང་ཚོའི་འཚོ་བ་ཧང་ཅང་ཡག”ཅེས་གཡང་སྒྲོན་གྱིས་གཅེན་པོར་བརྗོད་པ་དང་། དེ་རྗེས་གཅེན་མོ་ཚེ་རིང་སྐྱིད་ལགས་ཀྱང་བསྟི་ཡག་ཏུ་ཨར་པོ་རྒྱུག་པར་ཁྲིད་ཡོང་།

    དེ་རྗེས་བསྟི་ཡག་གི་འབྲས་ཤིང་འདེབས་རྩལ་བ་དངོས་གྲུབ་རྡོ་རྗེའི་སེམས་པ་ལས་ལ་བརྩོན་པའི་ཚེ་རིང་སྐྱིད་ལགས་ལ་ཤོར་ནས་ཁོང་གཉིས་གཉེན་སྒྲིག་བྱས།

    གསར་འགོད་པས་ཤིང་འབྲས་ལྡུམ་རར་འབྲས་ཤིང་ལ་ཆུ་རྒྱག་བཞིན་པའི་ཚེ་རིང་སྐྱིད་ལགས་མཐོང་བ་དང་། ཁོང་གི་ཁྱིམ་དུ་སླེབས་སྐབས་གཙང་སྦྲ་དོད་པ་དང་བོད་བཟོའི་ཁྱིམ་ཆས་ཡག་པོ་དེ་ཙམ་མེད་རུང་དྲོ་སྐྱིད་ལྡན་པ་ཞིག་འདུག

    གཡང་སྒྲོན་དང་འདྲ་བར་བུ་མོ་ཆུང་བ་མིག་དམར་ལྷ་མོ་2012ལོར་བསྟི་ཡག་ཤང་དུ་སླེབས། ཁོང་གི་ཁྱོ་ག་བསྟན་འཛིན་ཆོས་འཕེལ་ནི་བསྟི་ཡག་ཤང་སྲིབ་སྐྱིད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པའང་རེད།

    ད་ཆ་ལྕམ་སྲིང་གསུམ་གྱི་ཐེམ་ཐོ་ཚང་མ་ཕ་ཡུལ་ནས་བསྟི་ཡག་ཤང་དུ་བསྒྱུར་ཡོད། ལྕམ་སྲིང་གསུམ་པོ་འདི་གར་ཁྱིམ་ཐབ་བཟུང་ནས་གཞིས་ཆགས་པ་དང་། ཁོ་ཚོ་ཕྱོགས་མི་ནས་བསྟི་ཡག་པར་གྱུར།

    ལྕམ་སྲིང་གསུམ་པོའི་འཚོ་བའི་འགྱུར་ལྡོག་ནི་བསྟི་ཡག་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་མཚོན་ཚུལ་ཞིག་རེད།

    སྔོན་ཆད་འདི་ནས་རྫོང་གྲོང་ལ་སྐྱོད་པར་ཆུ་ཚོད་བདུན་བརྒྱད་འགོར་ཡང་ད་ཆ་ལམ་ཡག་པོ་ཡོད་པས། ཆུ་ཚོད་གསུམ་བཞི་ལས་འགོར་གྱི་མེད་པ་དང་། སྔོན་ཆད་འདི་གར་གློག་མེད་ཀྱང་ད་ཆ་རྒྱལ་ཁབ་གློག་དྲ་དང་འབྲེལ་ཡོད། སྔོན་ཆད་གྲོང་མིའི་སྡོད་ཁང་ཐོག་པང་དམའ་ལ་གོག་ཧྲུལ་ཡིན་ཡང་ད་ཆ་ཁྱིམ་ཚང་ཚང་མ་ཐོག་བརྩེགས་ཅན་གྱི་ཁང་བཟང་དུ་སྡོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།