བོད་རང་སྐྱོང་ལྗོངས་ཀྱི་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་པ་རྣམ་པས་དགོངས་འཆར་འདོན་རོགས་གནང་།
གཅིག 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།
2021ལོའི་ཚུན་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང“ཚོགས་འདུ་གཉིས”ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། “དོན་ཆེན་བཞིར”དམིགས་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་དང་། ཕྱོགས་ཡོངས་ནས“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་པ། “འཛུགས་གཏོད་བཞིར”སྐུལ་སྤེལ་གཏོང་རྒྱུར་ཤུགས་རྒྱག་པ་དང“མདུན་གྲལ་དུ་སླེབས་པ་བཞི”བྱེད་རྒྱུའི་འབད་བརྩོན་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་གཙོ་བོ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། དཔལ་འབྱོར་འཁོར་སྐྱོད་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་བརྟན་འཁྱོངས་ཐུབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་བཙུགས་ཐུབ་ཡོད། སྔོན་དཔག་བྱས་ན་2021ལོའི་ལྗོངས་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་7%ཡས་མས་འཕར་ཐུབ་པ་དང་། སྤྱི་འབོར་སྒོར་དུང་ཕྱུར་2000ལས་བརྒལ་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་13%དང་14%འཕར་ཐུབ་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་200ལས་བརྒལ་ཐུབ་པ། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་11%ཡན་འཕར་ཐུབ་པ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་སྤྱི་འབོར་10%འཕར་ཐུབ་པ། ཡུལ་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་1%ཡས་མས་འཕར་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་ཀྱི་ཡོད་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡག་འཕེལ་གྱི་ཕྱོགས་སུ་འགྲོ་བའི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། དེའི་མཚོན་ཚུལ་གཙོ་བོ་ཁག་བཅུ་ཡོད་པ་གཤམ་གསལ།
(གཅིག) དཔལ་འབྱོར་འཁོར་སྐྱོད་སྐྱོན་བྲལ་དང་གོ་རིམ་ལྡན་པ་བྱུང་བ། དེ་ཡང་གཅིག་ནི་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་བ། འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་དང་། རྣམ་གྲངས་ཀྱི་ཇུས་གཞི། དེ་བཞིན་གལ་ཆེའི་ཆེད་དམིགས་འཆར་འགོད་བཟོ་སྒྲིག་ལག་བསྟར་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འཁེལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཡོད། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཏེ“ཟླ་རེར་བཀོད་གཏོང་དང་། དུས་ཚིགས་རེར་དབྱེ་ཞིབ། ལོ་འཁོར་ལ་ཕྱོགས་བསྡོམས”བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་བརྟན་སྙོམས་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་བཏང་ཡོད། གཉིས་ནི་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་ཤུགས་ཆེ་རུ་བཏང་བ། ཡུལ་མིའི་འཚོ་བའི་ཉེར་མཁོའི་དངོས་རྫས་ལ་དམིགས་ཏེ་གལ་ཆེའི་དུས་ཚིགས་ནང་ཉིན་རེའི་བཀོད་གཏོང་བྱེད་སྟངས་སྤྱད་དེ་ཁྲོམ་རའི་སྔོན་དཔག་ལ་ལུགས་མཐུན་ངང་ཁྲིད་སྟོན་བྱས་ཡོད། ཕག་ཤ་སོགས་གཙོ་གནད་འཚོ་བའི་དངོས་ཟོག་གྲབས་གསོག་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཤིང་འབྲས་དང་སྔོ་ཚལ་འགྲེམས་སྐྱེལ་ལྟེ་གནས་ཁག་4དང་། གྲང་ཕྲེང་མཛོད་ཁང་ཁག་5 འགྲེམས་སྐྱེལ་དྲ་ཚིགས་ཁག་103བཅས་བསྐྲུན་ཟིན་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། གཙོ་གནད་རྫོང་ཤང་བཅས་སུ་ཐོག་མའི་ཆར་དྲ་ཐོག་ཚོང་དོན་གྱི་ཞབས་ཞུ་ཡོངས་སུ་ཁེབས་ཡོད། གསུམ་ནི་གཙོ་རྒྱུས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། སྔོན་དཔག་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་ཟོག་འགྲེམས་བྱེད་ཚད་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་15%དང་10%འཕར་ཐུབ་པ་དང་། དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་དངུལ་ལོར་གྱི་དངུལ་བུན་ལྷག་གྲངས་དུས་མཚུངས་དང་བསྡུར་ན་4%འཕར་ཐུབ་ཀྱི་ཡོད། རིགས་འདྲ་མིན་གྱི་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་40ལས་བརྒལ་བ་དེ་དུས་མཚུངས་དང་བསྡུར་ན་20%བརྒལ་གྱི་ཡོད། གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་110ལས་བརྒལ་བ་དེ་དུས་མཚུངས་དང་བསྡུར་ན་23%འཕར་བ་དང་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་100ལས་བརྒལ་ནས་དུས་མཚུངས་དང་བསྡུར་ན་17%འཕར་ཐུབ་ཀྱི་ཡོད།
(གཉིས) རྣམ་གྲངས་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ། རྒྱལ་ཁབ་ཀྱིས་པར་འགྲེམས་བྱས་པའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པར”མ་འཇོག་སྒོར་དུང་ཕྱུར་6015གཏོང་རྒྱུའི་འཆར་འགོད་བྱས་པ་དེ“ལོ་ལྔ་ཚན་བཅུ་གསུམ་པ”དང་བསྡུར་ན་58%འཕར་ཡོད། ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་སྒོར་དུང་ཕྱུར་718.8དོན་འཁྱོལ་བྱས་པས་སྒོར་དུང་ཕྱུར་500ཡི་དམིགས་ཚད་ལས་འགན་ལས་སྒོར་དུང་ཕྱུར་218.8བརྒལ་ཡོད། གལ་ཆེའི་རྣམ་གྲངས་ཀྱི་འཕེལ་རིམ་མགྱོགས་སུ་སོང་ཞིང་སྔོན་དཔག་བྱས་ན་གཙོ་གནད་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་1600ལེགས་སྒྲུབ་ཐུབ་ཀྱི་ཡོད། ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ཤར་གཏོང་ཐུབ་སྟེ་གངས་ལྗོངས་ས་མཐོར་འཁྱུག་བགྲོད་བྱེད་བཞིན་ཡོད་པ་དང་། ཁྲོན་བོད་ལྕགས་ལམ་ཧྲིལ་པོའི་ལས་འགོ་བཙུགས་ཟིན་པ། ལྷ་ནག་མྱུར་བགྲོད་གཞུང་ལམ་ཤར་གཏོང་འཁོར་སྐྱོད་བྱས་པ། གོང་དཀར་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་ལས་གཉེར་བྱེད་འགོ་བཙུགས་པ། དིང་རི་དང་། ལྷུན་རྩེ། སྤུ་ཧྲེང་བཅས་ཀྱི་ཡན་ལག་གནམ་ཐང་སྐྲུན་འགོ་བཙུགས་ཡོད། སོལ་བ་ལུང་ཆུ་ཤུགས་གློག་ཁང་གི་ཆུ་སྒོ་བཀག་ནས་ཆུ་བསགས་པ་དང་། དྭགས་པོ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཁག་4ནས་གློག་གཏོང་འགོ་བཙུགས་ཡོད། ཡེར་པ་ཐང་དང་ལ་འོག་སོགས་ཀྱི་ཆུ་ཤུགས་གློག་ཁང་བདེ་བླག་ངང་སྐྲུན་བཞིན་ཡོད། ལ་ལྷོ་དང་ཤངས་ཆུའི་ཆུ་བེད་ལྟེ་གནད་དང་དེའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་གྱི་ལས་གྲྭར་སྐུལ་སྤེལ་གང་མགྱོགས་བཏང་ཡོད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལས་གཉེར་བྱེད་འགོ་བཙུགས་པ་དང་། བོད་ལྗོངས་ལག་རྩལ་བའི་སློབ་གླིང་འཛུགས་སྐྲུན་གྱི་ལས་མཇུག་བསྒྲིལ་བ། བོད་རང་སྐྱོང་ལྗོངས་སྨན་ཁང་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་ལས་གྲྭ་ལེགས་སྒྲུབ་བྱེད་ཚད་90%ཡན་ཟིན་ཡོད། སྡོད་ཁང་སྐྱོ་ཁུལ་གྱི་ཚང་སྒྲིག་ཁང་པ(དུད་ཚང)5432སྒྱུར་བཟོ་དང་། བོགས་གཏོང་ཚང་སྒྲིག་གཞུང་ཁང་2406དང་ཚང་སྒྲིག་ལས་ཤག་ཁྲི་1བསྐྲུན་རྒྱུ་བཅས་ལ་སྐུལ་འདེད་གང་མགྱོགས་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་ལམ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་འབྲུབ་འགོག་དང་ཆུ་ལོག་བཤངས་འབུད་སོགས་གྲོང་ཁྱེར་གྱི་སྒྲིག་བཀོད་གོ་རིམ་ལྡན་པའི་ངང་བསྐྲུན་ཡོད།
(གསུམ) ཐོན་ལས་ཀྱི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་སོང་བ། རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་བ། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་4150ལ་སྣེ་ལེན་ཞུ་ཐུབ་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་441ཟིན་ཐུབ་ཀྱི་ཡོད། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང)ཁག་344ཟིན་ཞིང་། སྔོན་དཔག་བྱས་ན་རིག་གནས་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་68.87ཟིན་ནས་དུས་མཚུངས་དང་བསྡུར་ན་13%འཕར་ཐུབ་ཀྱི་ཡོད། དྭངས་གཙང་ནུས་རྒྱུའི་ཐོན་ལས་ལ་མགྱོགས་མྱུར་ངང་སྐུལ་སྤེལ་བཏང་བ། སྔོན་དཔག་བྱས་ན་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་འཕྲུལ་ཤུགས་ཀྱི་སྤྱི་འབོར་སྟོང་ཝ་ཁྲི་1371ཟིན་ཐུབ་ཀྱི་ཡོད་ཅིང་། གློག་ཕྱིར་ཁྲིད་བྱེད་འབོར་བསྡོམས་སྟོང་ཝ་ཆུ་ཚོད་དུང་ཕྱུར་25ལས་ཟིན་ཡོད་པས་དམིགས་ཚད་ལས་འགན་ལས་20%ཡན་བརྒལ་ཡོད། འབྱུང་འཕྲོད་བཟོ་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། སྔོན་དཔག་བྱས་ན་ཟངས་ལྕགས་དང་ཀེ་ལྕགས་གཏེར་ཁའི་ཐོན་འབོར་གཉིས་ཀ་དུས་མཚུངས་དང་བསྡུར་ན་འཕར་ཚད་90%བརྒལ་ཐུབ་ཀྱི་ཡོད། ཨར་འདམ་གྱིས་གཙོ་བོར་བྱས་པའི་འབྱུང་འཕྲོད་ཨར་སྐྲུན་རྒྱུ་ཆའི་ཐོན་རྫས་ཀྱིས་ལྗོངས་ནང་ཁུལ་གྱི་ཁྲོམ་ར་བཟུང་ཚད་70%བརྒལ་ཡོད། ཁེ་ལས་2རྒྱལ་ཁབ་རིམ་པའི་ཆེད་ལེགས་ཁྱད་གསར་བཞིའི“མངོན་ཆུང་ནུས་ཆེའི”ཁེ་ལས་སུ་ངོས་འཛིན་གཏན་འཁེལ་བྱས་པ་དང་། ཁེ་ལས་1རྒྱལ་ཁབ་རིམ་པའི་བཟོ་ལས་ཇུས་འགོད་ལྟེ་གནས་ལ་ངོས་འཛིན་གཏན་འཁེལ་བྱས་པར་བརྟེན་དེ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད། དེང་རབས་ཞབས་ཞུའི་ལས་རིགས་ལ་མཉམ་སྐུལ་བཏང་བ། སྔོན་དཔག་བྱས་ན་གཞི་ཁྱོན་ལྡན་པའི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་དང་བསྡུར་ན་12%ཡན་འཕར་ཐུབ་ཀྱི་ཡོད་པ་དང་། གློག་འཕྲིན་ལས་སྒོའི་སྤྱི་འབོར་དུས་མཚུངས་དང་བསྡུར་ན་འཕར་ཚད་20%བརྒལ་ཐུབ་ཀྱི་ཡོད་པ། སྦྲག་སྲིད་ལས་སྒོའི་སྤྱི་འབོར་དུས་མཚུངས་དང་བསྡུར་ན་10%འཕར་ཐུབ་ཀྱི་ཡོད་པ། མྱུར་སྐྱེལ་ལས་སྒོའི་འབོར་ཚད་དུས་མཚུངས་དང་བསྡུར་ན་25%འཕར་ཐུབ་ཀྱི་ཡོད། ས་མཐོའི་སྐྱེ་དངོས་ཐོན་ལས་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་བ། ལོ་བདུན་བསྟུད་མར་འབྲུ་རིགས་ཀྱི་ཐོན་འབོར་ཀྲོན་ཁྲི་100ཡན་བརྟན་འཁྱོངས་ཐུབ་ཡོད། སྔོན་དཔག་བྱས་ན་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་56.8ཟིན་ནས་དུས་མཚུངས་དང་བསྡུར་ན་11%འཕར་ཐུབ་ཀྱི་ཡོད། བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་22.8ཟིན་ནས་དུས་མཚུངས་དང་བསྡུར་ན་25.5%འཕར་ཐུབ་ཀྱི་ཡོད། མཐོ་གསར་གྲངས་འཛིན་ཐོན་ལས་ལ་མགྱོགས་མྱུར་ངང་སྐུལ་སྤེལ་བཏང་བ། སྡེབ་རྩིས་བྱས་ན་5Gཡི་སྦྲེལ་ཚུགས་ཁག་6660བསྐྲུན་ཟིན་པ་དང་། ལྷོ་ཨེ་ཤེ་ཡའི་གྲངས་འཛིན་ལྟེ་གནས་ཀྱི་སྒྲོམ་གཞི་ཨ་མ་བསྐྲུན་ཟིན་ཡོད། ཉིང་རྩིས་གྲངས་གཞི་ཆེ་མོའི་ལྟེ་གནས་དེ་རྒྱལ་ཁབ་འབྱུང་འཕྲོད་གྲངས་གཞི་ལྟེ་གནས་དང་གྲངས་གཞི་ཆེ་མོའི་ཐོན་ལས་གོང་འཕེལ་གྱི་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་སུ་བདམས་ཐོན་བྱུང་ཡོད། མཐོ་གསར་ལག་རྩལ་ཁེ་ལས་103ཟིན་ཡོད། སྔོན་དཔག་བྱས་ན་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་175ཟིན་ནས་དུས་མཚུངས་དང་བསྡུར་ན་15%འཕར་ཐུབ་ཀྱི་ཡོད། མཐའ་མཚམས་ཚོང་དོན་གྱི་ཟོག་འགྲུལ་ཐོན་ལས་ལ་སྐྱོན་བྲལ་ངང་སྐུལ་སྤེལ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ནས་རང་སྐྱོང་ལྗོངས་རིམ་པའི་སྤྱི་པའི་ཟོག་འགྲེམས་མཛོད་ཉར་འགྲེམས་སྐྱེལ་ལྟེ་གནས་དང་ལྷོ་ནུབ་ཀྱི་རིག་ནུས་མཐོ་བའི་ས་སྤྱང་རང་འགུལ་མཛོད་ཁང་སྔ་རྗེས་སུ་བསྐྲུན་ཟིན་ནས་སྤྱོད་འགོ་བཙུགས་ཡོད། སྔོན་དཔག་བྱས་ན་དངོས་ཟོག་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་འབོར་བསྡོམས་སྒོར་དུང་ཕྱུར་37ཟིན་ནས་དུས་མཚུངས་དང་བསྡུར་ན་འཕར་ཚད་70%བརྒལ་ཐུབ་ཀྱི་ཡོད།
(བཞི) གྲོང་གསེབ་དར་རྒྱས་གཏོང་རྒྱུ་ལག་བསྟར་ཤུགས་ཆེ་བྱས་པ། འཕྱུག་མེད་ངོས་འཛིན་དང་། རོགས་སྐྱོར་ནུས་ལྡན། དབུལ་ལོག་ཉེན་སེལ་བཅས“འགག་རྩ་གསུམ”དམ་པོར་བཟུང་སྟེ། ཉེན་ཟོན་སྔོན་བརྡ་དང་། དབྱེ་ཞིབ་མཐའ་དཔྱོད། མཐུན་སྦྱོར་ཐག་གཅོད་བཅས་ཀྱི“ལམ་སྲོལ་ཁག་གསུམ”གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་ནས་འགྱུར་ལྡན་གྱིས་གཙང་སེལ་ཐུབ་པ་བྱས་ཡོད། རྫོང་ལ་བཀོད་སྒྲིག་བྱས་པའི་རོགས་སྐྱོར་རྣམ་གྲངས་ཁག་2126ལག་བསྟར་བྱས་པ་དང་དབུལ་སྐྱོར་རྒྱུ་ནོར་གྱི་རྗེས་མཐུད་དོ་དམ་ལས་དོན་སྤེལ་འགོ་བཙུགས་ཡོད། དབུལ་གྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དབྱེ་གསེད་བྱས་ཏེ་གནས་སྐབས་རང་བཞིན་གྱི་སྲིད་ཇུས་ཁག་62མེད་པ་བཟོས་པ་དང་། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུའི་ལག་བསྟར་བསམ་འཆར་སྐོར་གྱི་འབྲེལ་མཐུད་སྲིད་ཇུས་ཁག་20ལྷག་ཙམ་ཚང་སྒྲིག་བཟོ་འདོན་བྱས་ཡོད།
(ལྔ) དམངས་འཚོའི་བདེ་རྩ་ཕྱོགས་ཡོངས་ནས་ཡར་རྒྱས་བཏང་བ། གཅིག་ནི་ལས་ཞུགས་ཀྱི་དུས་བབ་སྔར་བས་བརྟན་འཁྱོངས་ཐུབ་པ། ལྗོངས་ཡོངས་ཀྱི་མཐོ་སློབ་ཐོན་པའི་སློབ་མ་ལས་ཞུགས་ཐུབ་ཚད་99%ཟིན་ཞིང་། དེའི་ནང་ཁྲོམ་རར་བརྟེན་ནས་ལས་ཞུགས་ཐུབ་པ་2/3ཟིན་ཡོད། རིགས་འདྲ་མིན་གྱི“གཉིས་གཏོད”གཞི་རྟེན་ཁག་138ཡོད་ཅིང་། སྡེབ་རྩིས་བྱས་ན་དེའི་ནང་ཞུགས་སྡོད་བྱེད་མཁན་ཁེ་ལས་ཁག་2691ཡོད་པར་ལས་ཞུགས་མི་གྲངས་ཁྲི་2.42བསྡུས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་གྲངས་ཁྲི་5.2ཟིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི“ལས་ཞུགས་པ་མེད་པའི་ཁྱིམ་ཚང”ལ་བབ་བསྟུན་གྱིས་ལས་ཞུགས་པ་ཡོད་པ་བྱས་ཡོད། ཞིང་འབྲོག་པར་སྦྱོང་བརྡར་སྤྲོས་རྒྱུའི་ལོ་འཁོར་དམིགས་ཚད་ཀྱི་110.6%ལེགས་འགྲུབ་བྱས་ཡོད། སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་69.3གནས་སྒྱུར་ལས་ཞུགས་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་58.1བྱུང་ནས་གཉིས་ཀ་ལོ་འཁོར་དམིགས་ཚད་ཀྱི་116%ལེགས་འགྲུབ་ཐུབ་ཀྱི་ཡོད། གཉིས་ནི་སྤྱི་ཚོགས་བྱ་གཞག་ཐོག་ནས་དམངས་ལ་ཕན་པ་སྔར་བས་མང་བ་ཐོབ་པ། བུ་བཅོལ་ཁང་ཁག་104དང་། འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་ཁག་365 མཐོ་འབྲིང་སློབ་གྲྭ་ཁག་14 ལས་རིགས་སློབ་གྲྭ་ཁག་1བཅས་གསར་སྐྲུན་དང་སྒྱུར་སྐྲུན་རྒྱས་སྐྲུན་བྱས་ཡོད། རྫོང(ཆུད)ཁག་74ཡི་འགན་བབས་སློབ་གསོ་དོ་སྙོམས་ཡོང་ཕྱོགས་ཐད་རྒྱལ་ཁབ་ཀྱི་ཚོད་སྐོར་ངོས་བཅད་བྱུང་བ་དང་འགན་བབས་སློབ་གསོའི་ཆད་འགོག་སློབ་འཁྱོངས་འགྱུར་ལྡན་གྱིས་གཙང་སེལ་བྱས་ཡོད། “ཡང་གཏོང་གཉིས”ཀྱི་བྱ་སྤྱོད་ལག་བསྟར་དོན་འཁྱོལ་བྱས་ནས་སློབ་གྲྭའི་ཕྱི་རོལ་གྱི་སྦྱོང་བརྡར་ཚན་པ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཞིབ་འཇུག་རྟེན་གཞི་བཙུགས་པ་དང་། བོད་ལྗོངས་སློབ་ཆེན་ལ་སློབ་གསོ་པུའི“རྩེ་གྲས་གཉིས”གཏོད་རྒྱུའི་ཐད་ཀྱི་རེས་སྐོར་ཐོག་མའི་དཔྱད་དཔོག་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གཞི་རིམ་དུ་སྐོར་སྐྱོད་ནད་བརྟག་སྨན་བཅོས་3800ལྷག་ཙམ་བྱས་ཡོད་པ་དང་ཕན་པ་ཐོབ་མཁན་མི་ཐེངས་ཁྲི་129ལས་བརྒལ་ཡོད། གྲིབ་བཅོས་སོགས“ལྟེ་གནས་ཆེན་པོ་ལྔ”སྐྲུན་པར་སྐུལ་འདེད་བཏང་བ་དང་། རིགས་འདྲ་མིན་གྱི་སྨན་བཅོས་འབྲེལ་ཚོགས་ཁག་176ཟིན་པ། ཡུལ་མིའི་བདེ་ཐང་གློག་རྡུལ་ཡིག་ཚགས་ཁྲི་286ལྷག་ཙམ་བཟོས་ཡོད། རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས(བོད་ལྗོངས)དང་རང་སྐྱོང་ལྗོངས་རིམ་པའི་དྭངས་གཙང་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་སྔ་རྗེས་སུ་བཙུགས་པ་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི“ཁས་ལེན་ལམ་ལུགས”ཚོད་ལྟའི་ལག་ལེན་བྱས་པ། རིགས་འདྲ་མིན་གྱི་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཐེངས་ཁྲི་5.4ལས་བརྒལ་བ་དང་། གསར་དུ་རྩོམ་སྒྲིག་བྱས་པའི་ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》དང་གཏམ་བརྗོད་ཟློས་གར《བར་སྐོར་གྱི་སྒོ་ར་བྱང་མ》གཉིས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་འགྲེམས་འཁྲབ”ཀྱི་ཕུལ་བྱུང་འཁྲབ་གཞུང་གི་ཁོངས་སུ་བདམས་ཐོན་བྱུང་ཡོད། སྐབས་བཅུ་དགུ་པའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་འདུ་ཚོགས་བདེ་བླག་ངང་གཉེར་ཡོད་པ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ནང་རང་ལྗོངས་ཀྱི་གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མ་ཐོབ་གྲངས་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། གསུམ་ནི་སྤྱི་ཚོགས་འགན་སྲུང་སྔར་བས་བརྟན་ཞིང་དམ་ཚགས་བྱུང་བ། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་མི་རེར་ཟླ་རེར་སྒོར་910ལ་སྤར་ཡོད་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་མི་རེར་ལོ་རེར་སྒོར་5060ལ་སྤར་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་གྲོན་དངུལ་མི་རེར་ཟླ་རེར་ཆ་སྙོམས་སྒོར་205ལ་སྤར་ཡོད། མི་ཐེངས་ཁྲི་690རྒན་གསོ་དང་སྨན་བཅོས་སོགས་རིགས་འདྲ་མིན་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཡོད་པས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆར་བཙུགས་ཡོད།
(དྲུག) མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གང་མགྱོགས་བྱས་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག་ལག་བསྟར་བྱེད་པར་སྐུལ་སྤེལ་གཏིང་ཟབ་བཏང་བ་དང་། སྦགས་བཙོག་འགོག་བཅོས་བྱེད་པའི་འགག་སྒྲོལ་ལས་དོན་ལོ་གཉིས་བསྟུད་མར་རྒྱལ་ཁབ་ནས་ཕུལ་བྱུང་དུ་དཔྱད་འདེམས་བྱས་ཡོད། སྡེབ་རྩིས་བྱས་ན་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་127.1དོན་འཁྱོལ་བྱས་ཡོད། ཀོང་པོ་རྒྱ་མདའ་རྫོང་སོགས་རྫོང(ཆུད)3ལ་དུས་ཁག་ལྔ་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང(ཆུད)གི་མཚན་སྙན་ཐོབ་ཡོད་པ་དང་། ལྷ་ས་གྲོང་ཁྱེར་སྟག་གདོང་གྲོང་ཚོར“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མིང་རྟགས་ཐོབ་ཡོད། ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་རུ་ཁག་གི་ཕྱི་རོལ་ཡུལ་གྱི་ཚན་ཞིབ་བྱེད་སྒོ་ཁག་280ལྷག་ཙམ་ལ་ཞབས་ཞུ་འགན་སྲུང་བྱས་པ་དང་། ཐཱན་འབུད་ཚད་བཀག་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་རྨང་གཞིའི་ཞིབ་འཇུག་སྤེལ་འགོ་བཙུགས་ཡོད། “ཆུ་གཉིས་གཙང་བཞིའི”རྒྱུག་ཁུལ་ལ་ནགས་བཟོ་སྔོ་སྒྱུར་བྱེད་པ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ནས་རྒྱལ་ཁོངས་ས་ཆའི་སྔོ་སྒྱུར་རྒྱ་ཁྱོན་མུའུ་ཁྲི་712.3ཟིན་ཡོད། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཤིང་། བོད་དུ་རྒྱལ་ཡོངས་ས་ཆའི་ཡོངས་བཤེར་བྱེད་ཐེངས་གསུམ་པ་ལེགས་འགྲུབ་ཐུབ་ཡོད། “མཐོ་བ་གསུམ”གྱི་རྣམ་གྲངས་ལ་ཆོག་མཆན་སྤྲད་མེད་པ་དང་ནང་འདྲེན་བྱས་མེད། ལྗོངས་ཡོངས་ཀྱི་མཁའ་རླུང་དང་ཁོར་ཡུག་གི་སྤུས་ཚད་ཆ་སྙོམས་བཟང་འཁྱོངས་ཉིན་གྲངས་98.8%ཟིན་ཡོད་པ་དང་། གཙང་ཆུ་དང་མཚོ་མཚེའུ་གཙོ་བོའི་ཆུ་སྤུས་བཟང་འཁྱོངས་ཐུབ་ཡོད་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་འཁྱོངས་ཐུབ་ཡོད་པས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བཟང་འཁྱོངས་ཐུབ་ཡོད།
(བདུན) མཐའ་མཚམས་ཀྱི་འཛུགས་སྐྱོང་ཉིན་རེ་བཞིན་སྲ་བརྟན་དུ་སོང་བ། དུས་རབས་གསར་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་བའི་གོང་འཕེལ་སོགས་རིགས་འདྲ་མིན་གྱི་འཆར་འགོད་བཟོ་སྒྲིག་ལག་བསྟར་བྱས་པ་དང་། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ཚོད་ལྟ་སྤེལ་ཡུལ་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་སྐྲུན་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཁག་624ཚང་མ་བསྐྲུན་ཟིན་པ་དང་། མཐའ་མཚམས་ཀྱི་ཤང(གྲོང་རྡལ)ཚང་མར་གློག་དྲ་ཨ་མ་སྣུར་སྲིང་བྱས་པ། གཞུང་ལམ་ཤར་གཏོང་ཐུབ་པ། གྲོང་ཚོ་ཚང་མར་སྦྲག་ལས་དང་སྒུལ་འཁྱེར་འཕྲིན་གཏོང་གི་དྲ་རྒྱ་ཁེབས་ཐུབ་པ་བཅས་བྱུང་ཡོད།
(བརྒྱད) བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་བ། བསྒྱུར་བཅོས་ཀྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ཕྱོགས་བསྡུས་ལས་རྗེས་ལ་དཔྱད་གདེང་བྱེད་པར་སྐུལ་སྤེལ་བཏང་བ་དང་། འོས་སྐུལ་འོས་དཔོད་སོགས་སྤྱི་པའི་ཐོན་ཁུངས་ཀྱི་ཉོ་ཚོང་སྔར་བས་ཚད་ལྡན་བཟོས་པ། ཡིད་རྟོན་མ་ལག་གི་ཁྲིད་སྟོན་བྱེད་ནུས་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་ཡོད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་ཆུ་རིན་བསྡུ་བའི་ལས་དོན་བརྟན་པོའི་ངང་སྤེལ་བ་དང་། བཅོས་སྣུམ་རིན་གོང་ཁུལ་བསྒྱུར་བཅོས་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་གྲོང་མིའི་གློག་རིན་ལྗོངས་ཡོངས་གཅིག་མཚུངས་བཟོས་པ། བོད་ལྗོངས་མཁའ་འགྲུལ་ཀུང་སིས་དམངས་ཕན་གྱི་སྤ་སེའི་རིན་གསབ་སྲིད་ཇུས་ལག་བསྟར་བྱས་ནས་ཁེ་ཕན་སྒོར་ཁྲི་8000སྤྲད་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པའི་དུས་མཚམས་རང་བཞིན་གྱི་ལས་འགན་གཞི་རྩའི་ཆར་ལེགས་གྲུབ་ཟིན་ཞིང་། གྲོང་གསེབ་ཀྱི་ཁང་ས་དང་ས་ཁང་གཞི་གཅིག་གི་བདག་དབང་གཏན་འཁེལ་གྱི་ལག་ཁྱེར་སྤྲོད་པའི་ཐོ་འགོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གྲངས་གཞིར་གཅིག་གྱུར་དོ་དམ་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ། རྫོང་ཁག་6གི་རྩྭ་ཐང་འགན་གཙང་གཉེར་སྐྱོང་བྱེད་དབང་གཏན་འཁེལ་གྱི་ཐོ་འགོད་ཚོད་ལྟའི་ལས་དོན་ལེགས་སྒྲུབ་བྱས་ཡོད། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་བདེ་འཇགས་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་བཏང་ཡོད། གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་ལ་གཅིག་སྡུད་གཅིག་གྱུར་ཐོག་ལྟ་སྡོམ་བྱེད་པའི་ལག་བསྟར་ཇུས་གཞི་བཟོ་འདོན་བྱས་པ་དང་། གླ་འཁོར་གྱི་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུའི་ལག་བསྟར་བསམ་འཆར་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འགྲུལ། སྦྲག་ལས་བཅས་མཉམ་འདྲེས་གོང་འཕེལ་གཏོང་རྒྱུའི་ལག་བསྟར་ཇུས་གཞི་བཟོ་འབེབས་བྱས་པ། མཁོ་འཚོང་མཉམ་ལས་ཁང་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད། སྒོ་དབྱེའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་སོང་བ། ས་གནས(གྲོང་ཁྱེར)ཀྱི་ཚོང་གཉེར་ཁོར་ཡུག་ལ་དཔྱད་གདེང་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་རྒྱུའི་ལག་བསྟར་བསམ་འཆར་ཞིབ་འཇུག་ཟིན་འགོད་བྱས་ཤིང་། སྔོན་དཔག་བྱས་ན་ཚོང་འགུགས་མ་འདྲེན་གྱི་མ་དངུལ་དོན་འཁྱོལ་བྱེད་ཚད་སྒོར་དུང་ཕྱུར་500ཟིན་ཐུབ་ཀྱི་ཡོད། བོད་སྐྱོར་རྣམ་གྲངས་ཁག་807ལག་བསྟར་བྱས་ཤིང་། སྔོན་དཔག་བྱས་ན་མ་འཇོག་སྒོར་དུང་ཕྱུར་40.2ལེགས་འགྲུབ་ཐུབ་ཀྱི་ཡོད། ཀྲུང་ནེའི་མཛའ་གྲོགས་བཟོ་ལས་སྡེ་གླིང་རྣམ་གྲངས་ཀྱི་རྩིག་རྨང་དངོས་སུ་བཏིང་ཡོད། འགྲམ་དང་། སྐྱིད་རོང་། སྤུ་ཧྲེང་སོགས་འགག་སྒོའི་བྱེད་ནུས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། སྐྱིད་རོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་རྒྱལ་ཁབ་ཀྱི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་བསྐྲུན་རྒྱུའི་རེ་ཞུའི་ལས་དོན་ལ་སྐུལ་སྤེལ་གང་མགྱོགས་བཏང་བ། ལྷ་སའི་སྐམ་ཐོག་འགག་སྒོ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་གྱི་དུས་ཁག་དང་པོའི་མིང་ཐོའི་ནང་བཅུག་ཟིན་པ་དང་། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་སྔོན་གྲབས་ཞིབ་བཤེར་རྩིས་ལེན་ཟིན་ཡོད།
(དགུ) ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཕན་འབྲས་ནུས་ལྡན་ཐོན་པ། ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བ་བྱེད་པའི་སྤྱིའི་ཇུས་གཞི་དོན་འཁྱོལ་བྱས་ཏེ། རྒྱུན་རྣམ་ཅན་དང་འཕྲལ་སྡོམ་ཅན་གྱི་འགོག་ཟོན་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱིད་རོང་དང་འགྲམ་སོགས་འགག་སྒོར“གནས་དང་གནས་གཏུག་ཅིང་ཐུག་རེག་མེད་པའི”ཐབས་རྣམ་སྤྱད་དེ་ཕྱོགས་རྐྱང་པའི་ཕྱིར་གཏོང་བྱེད་ནུས་ཆེ་རུ་བཏང་བ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་རིམས་འགོག་སྨན་ཁབ་རྒྱག་ཐེངས་བསྡོམས་ཁྲི་700ཟིན་ཐུབ་ཀྱི་ཡོད་ལ། ལོ་འཁོར་མོར་གསར་འཕར་རམ་ཡང་ན་དོགས་ཡོད་ནད་དཔེ་མི་ཐོན་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ལ་ཁེབས་པའི་ཉིང་སྐྱུར་བརྟག་དཔྱད་མ་ལག་གཞི་རྩའི་ཆར་གྲུབ་པ་དང་། ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་113ལ་མང་དུ་བཏང་ཞིང་། ཉིན་རེར་བརྟག་དཔྱད་བྱེད་པའི་མི་ཐེངས་ཁྲི་བརྒྱ་ལས་བརྒལ་བ་དང་། རིམ་རྩིས་བྱས་ན་མི་ཐེངས་ཁྲི་308ལ་ཉིང་སྐྱུར་བརྟག་དཔྱད་བྱས་ཡོད། ནེ་པ་ལའི་ཕྱིར་སྡོད་སྤུན་ཟླར་སྨན་སྤྱོད་ཁ་རས་ཁྲི་20ཞལ་འདེབས་ཕུལ་བ་དང་། ཏོག་གསར་ནད་དུག་འགོག་ཁབ་ཁྲི་20བཀོད་གཏོང་བྱས་ནས་ནེ་པ་ལར་རོགས་སྐྱོར་བྱས་ཡོད།
(བཅུ) བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་ལྷིང་བྱུང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་ཞིབ་དཔྱད་བདེ་བླག་ངང་ལེགས་སྒྲུབ་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་བྱེད་པའི་ལོ་3བྱ་སྤྱོད་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ་དང་། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི“ལས་གཞི་ཁག་དགུ”ལག་བསྟར་བྱས་ཡོད། བཟའ་བཅར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཟུར་བཤེར་གྱི་ཚད་ལོན་ཚད་99.3%ཟིན་ཡོད། རིམ་པ་ཁག་གི་རྒུད་སྐྱོབ་དངོས་ཟོག་གྲབས་གསོག་མཛོད་ཁང་ཁག་758བསྐྲུན་པ་དང་། འཕྲལ་སྡོམ་བཀོད་འདོམས་ཆ་འཕྲིན་དྲ་རྒྱ་རིམ་སྤོར་བསྒྱུར་བཀོད་ཟིན་ནས་འཕྲལ་སྡོམ་སྟོབས་ཤུགས་ཁྱབ་ཚུལ་གྱི“ཀུན་འདུས་འཆར་འགོད་དཔེ་རིས”བཟོས་ཡོད། ཆབ་མདོའི་སྨར་ཁམས་ཀྱི“4·24”དང་ཉིང་ཁྲིའི་རྫ་ཡུལ་གྱི“10·27”ནགས་ཚལ་མེ་སྐྱོན་དང་། དེ་བཞིན་གངས་སྐྱོན་དང་། གངས་རུད། འཁྱགས་མཚོ། འགག་མཚོ་སོགས་རང་བྱུང་གནོད་འཚེ་འཕྲལ་སེལ་ཡག་པོ་བྱས་པ་དང་། ཚབས་ཆེ་དང་དེའི་ཡན་གྱི་དོན་རྐྱེན་ཐོན་མེད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཀྱི་དཔྱད་ཞིབ་ཁྲོད་ལོ་5བསྟུད་མར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་ཤུགས་ཆེ་བཏོད་ཡོད།
སྤྱིའི་ཆ་ནས་བལྟས་ན། 2021ལོའི་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་དུས་བབ་ཀྱི་འཕོ་འགྱུར་དང་དུས་རབས་འདིར་འཕྲད་པའི་ནད་ཡམས་ལ་དོ་ནན་གྱིས་ཁ་གཏད་བཅག་སྟེ། དཔལ་འབྱོར་འཕར་ངོ་དལ་དུ་སོང་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་ཤུགས་ཆག་པ། དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ཆེ་རུ་སོང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་བྱ་ཐབས་ནུས་ལྡན་སྤེལ་ནས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་2000གི་འགག་ཆེན་ལས་འགྲོལ་ཞིང་ལོ་གཉིས་རིང་ཆ་སྙོམས་འཕར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་ལོ་འཁོར་གྱི་དམིགས་ཚད་ལས་ཚད་བརྒལ་ལེགས་གྲུབ་བྱུང་བ། འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རེ་ཡོད་པ། ཡུལ་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་དེ་ལོ་ཧྲིལ་པོར་གནས་ཚད་དམའ་པོའི་ངང་འཁོར་སྐྱོད་ཐུབ་པ། དམིགས་ཚད་ལས་འགན་གཙོ་བོ་ཡོངས་སུ་ལེགས་གྲུབ་བྱུང་བ། དཔལ་འབྱོར་འཁོར་སྐྱོད་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་བརྟན་འཁྱོངས་ཐུབ་པ་བཅས་བྱུང་བར་བརྟེན། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་སོང་ཡོད། ཐོབ་དཀའ་བའི་གྲུབ་འབྲས་འདི་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཞིག་དང་། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་པའི་འབྲས་བུ་ཞིག རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཞིག ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ནུས་ལྡན་གྱི་ལྟ་སྐུལ། སྲིད་གཞུང་གིས་ཤུགས་ཆེའི་སྐུལ་སྤེལ། སྲིད་གྲོས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་བཅས་གནང་བའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཕྱར་བ་གྲུ་འདེགས་དང་འབད་འཐབ་ལྷོད་མེད་བྱས་པའི་འབྲས་བུ་ཞིག་བཅས་ཡིན།
གཉིས། 2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དུས་བབ།
(གཅིག) མིག་སྔར་འཕྲད་པའི་གོང་འཕེལ་གྱི་དུས་བབ། 2022ལོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ཞིང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་ལ་ཉེན་ཁའི་འགྲན་སློང་ཡང་འཕྲད་ཡོད། སྤྱིའི་ཆ་ནས་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད།
—— གོ་སྐབས་ཐད། ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་དེ་སྔར་བྱུང་མེད་པའི་མཐོ་ཚད་དུ་ཡར་འདེགས་བྱས་པ་དང་། སྔར་བྱུང་མེད་པའི་བྱམས་བརྩེའི་ཐུགས་ཁུར་དང་དམིགས་བསལ་གྱི་རྒྱབ་སྐྱོར་གནང་བར་བརྟེན་རང་ལྗོངས་ཀྱི་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་ཤུགས་ཆེ་ཐེབས་རྒྱུ་རེད། ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུར་སྐུལ་འདེད་གང་མགྱོགས་བཏང་བ་དང་། ཀྲུང་ནེའི་ལྕགས་ལམ་དང་ཡུན་བོད་ལྕགས་ལམ་སོགས་གལ་ཆེའི་རྣམ་གྲངས་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ། རྒྱུད་གཅིག་ལམ་གཅིག་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོ། གྲོང་གསེབ་དར་རྒྱས་སོགས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། མི་རིཌ་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་ནས་གཏིང་ཟབ་ཏུ་སོང་བར་བརྟེན། རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་གོང་འཕེལ་གཏོང་རྣམ་ཧྲིལ་པོའི་ནང་ཞབས་ཞུ་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་དང་གང་མགྱོཌ་ཐེབས་རྒྱུ་རེད། རང་ལྗོངས་ཀྱི་ཆུ་ནུས་དང་། རླུང་ནུས། འོད་ཤུགས། ཚ་ནུས་བཅས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞིའི་ངེས་གནས་སུ་གཏན་འཁེལ་བྱས་པ་དེས་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་བསལ་གྱི་ནུས་པ་འདོན་པ་དང་གལ་ཆེའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་འདེགས་སྐྱོར་གལ་ཆེན་བྱེད་ཐུབ་རྒྱུ་རེད།
—— འགྲན་སློང་ཐད། དུས་རབས་འདིར་འཕྲད་པའི་ནད་ཡམས་ཀྱི་བརྡབ་གསིག་ཕོག་པར་བརྟེན། ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་དུས་བབ་ཀྱི་འཕོ་འགྱུར་ཇེ་མྱུར་དུ་འགྲོ་གི་ཡོད་ལ་ཕྱིའི་ཁོར་ཡུག་ཀྱང་སྔར་བས་རྙོག་འཛིང་དང་ཛ་དྲག་ཆེ་བ་དང་ངེས་གཏན་མེད་པར་འགྱུར་བའི་རྐྱེན་གྱིས་མཁོ་དགོས་ཆུང་དུ་འགྲོ་བ་དང་། མཁོ་སྤྲོད་ལ་འགོག་རྐྱེན་ཐེབས་པ། སྔོག་དཔག་ལས་ཆག་པ་བཅས་ཀྱི་གནོན་ཤུགས་གསུམ་འཕྲད་དེ་ནུས་རྒྱུའི་བདེ་འཇགས་དང་། འབྲུ་རིགས་ཀྱི་བདེ་འཇགས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་བཅས་གཅིག་གྱུར་འཆར་འགོད་བྱེད་པའི་དཀའ་གནད་སྔར་བས་ཆེ་རུ་འགྲོ་གི་ཡོད། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་དགོས་པ་དང་། དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་དང་ཞབས་ཞུ་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། “གློད་སྡོམ་ཞབས”གསུམ་གྱི་བསྒྱུར་བཅོས་དེ་གཞི་རིམ་དུ་འབྲེལ་མཐུད་བྱེད་པའི་ནུས་པ་མི་འདང་བ་དང་། རྣམ་གྲངས་ལ་ཞིབ་མཆན་འགོད་དཀའ་བ་དང་འགོད་འགོར་བ་སོགས་ཀྱི་གནད་དོན་ངེས་ཅན་ལྷག་བསྡད་ཡོད། གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། འགྲིམ་འགྲུལ་དང་། ནུས་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཐད་ཞན་ཆ་མི་ཉུང་བ་ཞིག་ཡོད་པ། ཞིང་འབྲོག་ཁུལ་གྱི་གོང་འཕེལ་རྨང་གཞི་ལྟོས་བཅས་ཀྱིས་ཞན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཐོན་ཁུངས་ལེགས་སྒྱུར་དོ་སྙོམས་གང་མགྱོགས་བྱེད་དགོས་ཀྱི་ཡོད་པ། ས་ཁོངས་དབར་གོང་འཕེལ་གྱི་ཧེ་བག་ཆེ་ཙམ་ཡོད་པ་བཅས་ཡིན། ཐོན་ལས་ལ་ཆུང་ཐོར་ཞན་གསུམ་གྱི་སྣང་ཚུལ་ཡོད་པ་དང་། ལྷག་པར་དུ་དབུལ་སྐྱོར་ཐོན་ལས་དེ་ནོར་སྲིད་ཀྱི་རོགས་སྐྱོར་ལ་བརྟེན་ཤུགས་ཚབས་ཆེན་པོ་ཡོད་པ། དབུལ་གྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་ལས་འགན་དཀའ་ཚེགས་ཧ་ཅང་ཆེ་བ་བཅས་རེད།
(གཉིས) སྤྱིའི་བླང་བྱ་དང་གོང་འཕེལ་གཏོང་བའི་དམིགས་ཚད།
—— 2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྤྱིའི་བླང་བྱ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་རྒན་རབས་པའི་སྙིང་སྟོབས། ཁུང་ཧྥན་སེང་གི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གོང་འཕེལ་གྱི་རྣམ་པ་གསར་པར་མཉམ་འདྲེས་དང་ཞབས་ཞུ་སྒྲུབ་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ཀྱིས་གོང་འཕེལ་ལ་འདེད་སྐུལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འཕེལ་ལམ་ལེགས་སུ་གཏོང་རྒྱུ་ནས་འགོ་འཛུགས་པ་དང་། གཙོ་རྒྱུ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་ལམ་སྲོལ་གྱི་མཐུན་རྐྱེན་འགན་སྲུང་དུ་བྱེད་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་དང་། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་སུ་བཀར་ཏེ“བརྟན་པོ་དྲུག”དང“འགན་སྲུང་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པ་དང་“མདུན་གྲལ་དུ་སླེབས་པ་བཞིར”འབད་བརྩོན་བྱེད་པ། དཔལ་འབྱོར་འཁོར་སྐྱོད་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་བརྟན་འཁྱོངས་ཐུབ་པ་བཅས་བྱས་ཏེ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱེད་རྒྱུར་བསུ་བ་ཞུ་རྒྱུ་དེ་ཡིན།
——2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྔོན་དཔག་དམིགས་ཚད་གཙོ་བོ། ལྗོངས་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་8%ཡས་མས་འཕར་བ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་8%ཡན་དང་10%ཡན་འཕར་བ་བྱེད་རྒྱུ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་12%ཡན་འཕར་བ་བྱེད་རྒྱུ། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་10%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་འཚོང་གི་སྤྱི་འབོར་10%ཡས་མས་འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་ཀྱི་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ནུས་རྒྱུ་ཟད་གྲོན་དང་། ཐཱན་འབུད་ཤུགས་ཚད། བཙོག་འབུད་ཉུང་གཏོང་བཅས་བྱེད་པའི་དམིགས་ཚད་དེ་རྒྱལ་ཁབ་ཀྱི་ཞིབ་གཏན་བྱས་ཁོངས་སུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་འཁྱོངས་ཐུབ་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་པ་བྱེད་རྒྱུ་བཅས་ཡིན། གོང་གསལ་དམིགས་ཚད་དེ་དག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱེད་རྒྱུ་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་བཅས་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་འཆར་གཞིའི་དཔེ་རིས་གསལ་འགོད་མཐར་ཕྱིན་པ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་པར་བྱེད་རྒྱུ་མ་ཟད། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དུས་བབ་བསམ་གཞིགས་བྱས་ནས་བརྟན་ལྷིང་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་པའི་ཁར། གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་འཁྲི་འགན་རང་འཁུར་བྱེད་དགོས་པའི་ནན་བཤད་ཀྱང་བྱས་ཡོད།
གསུམ། 2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཙོ་བོའི་ལས་འགན་དང་བྱ་ཐབས།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་གཤམ་གསལ་ལས་དོན་ཁག་གཙོ་གནད་དུ་ཡག་པོ་བསྒྲུབ་རྒྱུ་སྟེ།
(གཅིག) ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། འཁྲི་འགན་འཁུར་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“དོན་ཆེན་བཞི”དམིགས་སུ་བཀར་བ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས“བརྟན་པོ་དྲུག”དང“འགན་སྲུང་དྲུག”གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དང་། “མངོན་པ་གསུམ་དང་ཕན་ཡོད་གཅིག”གི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ། གཞི་ཆེའི་དཔལ་འབྱོར་འཁོར་སྐྱོད་ཀྱི་དབྱེ་ཞིབ་བཀོད་གཏོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གཞི་ཆེའི་སྟངས་འཛིན་གྱི་རྒྱང་ལྟའི་རང་བཞིན་དང་། དམིགས་བཀར་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་ནུས་ལྡན་བཏང་སྟེ་དཔལ་འབྱོར་འཁོར་སྐྱོད་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་ནང་བརྟན་འཁྱོངས་ཐུབ་པའི་འགན་ལེན་བྱེད་རྒྱུ། “འཛུགས་གཏོད་བཞིར”སྐུལ་སྤེལ་གཏོང་རྒྱུར་ཤུགས་རྒྱག་པ་དང་། “མདུན་གྲལ་དུ་སླེབས་པ་བཞིར”འབད་བརྩོན་བྱེད་རྒྱུའི་ལག་བསྟར་བསམ་འཆར་ཞིབ་འཇུག་བཟོ་འབེབས་བྱས་ཏེ། དམིགས་ཚད་ལས་འགན་ཞིབ་ཕྲ་བཟོ་བ་དང་། དངོས་སུ་སྤྱད་འཐུས་པའི་བྱ་ཐབས་བཏོན་ནས་གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ།
(གཉིས) རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནུས་ལྡན་མ་འཇོག་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ། མ་འཇོག་བརྟན་འཁྱོངས་བྱེད་རྒྱུ་དེ་འཕར་ཚད་བརྟན་གནས་ཡོང་བའི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བརྩི་བ་དང་། ཀྲུང་དབྱང་གི“སྲིད་ཇུས་མངོན་ཕྱོགས་སྔ་སྣུར་འོས་འཚམ”བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། གོང་རིམ་ལ་སྙན་ཞུ་དང་འབྲེལ་མཐུད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་2022ལོར་ཀྲུང་དབྱང་ནོར་སྲིད་ཀྱི་མ་འཇོག་སྒོར་དུང་ཕྱུར་700དོན་འཁྱོལ་ཐུབ་པ་བྱེད་རྒྱུ།“འཆར་འགོད་གཞིར་བཟུང་རྣམ་གྲངས་ལག་བསྟར་དང་རྣམ་གྲངས་གཞིར་བཟུང་གཙོ་རྒྱུ་བཀོད་སྒྲིག་བྱེད་རྒྱུ”མཐའ་འཁྱོངས་ཀྱིས་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀར་སྐུལ་འདེད་གང་མགྱོགས་བཏང་སྟེ་མ་དངུལ་གྱིས་རྣམ་གྲངས་སྒུག་པའི་གནས་ཚུལ་ནན་འགོག་བྱེད་དགོས། ཁྲོན་བོད་ལྕགས་ལམ་གྱི་འཛུགས་སྐྲུན་ལ་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ལམ་318ཀྱི་བོད་ལྗོངས་དུམ་མཚམས་ལ་སྤུས་ལེགས་བསྒྱུར་བཀོད་བྱེད་པར་གཙོ་གནད་དུ་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ལམ་219ཡི་ལྗོངས་ནང་ཁུལ་གྱི་གཞུང་ལམ་སྣུམ་ནག་ཅན་དུ་བསྒྱུར་རྒྱུ། ལྷ་ས་ནས་གཞིས་རྩེའི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་པ་བྱེད་རྒྱུ། དེ་བཞིན་བྲག་རྩེ་དང་བྲག་སྐོར་སོགས་ཀྱི་ཆུ་བེད་ལས་གྲྭ་དང་གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། ཡིད་འོང་མཚོ་སོགས་གལ་ཆེའི་ཆུ་བེད་ལས་གྲྭའི་སྔོན་གྲབས་ལས་ཀར་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། 5Gསོགས་རྣམ་གསར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། ནུས་ལྡན་མ་འཇོག་བྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་12%ཡན་ཟིན་ཐུབ་པའི་འགན་ལེན་བྱེད་རྒྱུ།
(གསུམ) ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། ཕན་པ་རྒྱུན་ཐོན་གྱི་སྒུལ་ནུས་སྔར་བས་ཆེ་རུ་གཏོང་རྒྱུ། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་གང་མགྱོགས་གཏོང་རྒྱུའི་ཐད།“ཡུལ་སྐོར+”དང“+ཡུལ་སྐོར”གྱི་ཐབས་རྣམ་ལ་སྐུལ་སྤེལ་བཏང་ནས་གསར་བརྗེའི་ཡུལ་སྐོར་དང་ས་མཐོའི་ཉམས་ལེན་ཡུལ་སྐོར་སོགས་ཀྱི་ལས་རྣམ་གསར་པ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། གྲགས་རྟགས་ཀྱི་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡུལ་སྐོར་གྱི་སྣེ་ལེན་མི་ཐེངས་དང་ཡུལ་སྐོར་གྱི་ཡོང་འབབ་གཉིས་ཀ་གྲངས་གནས་གཉིས་ལས་བརྒལ་བའི་འཕར་སྣོན་ཡོང་བ་དང་། རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་དེ་དུས་མཚུངས་དང་བསྡུར་ན་འཕར་ཚད་14%བརྒལ་ཐུབ་པའི་འགན་ལེན་བྱེད་རྒྱུ། དྭངས་གཙང་ནུས་རྒྱུའི་ཐོན་ལས་གོང་འཕེལ་གང་མགྱོགས་གཏོང་རྒྱུའི་ཐད། འབྲི་ཆུའི་སྟོད་རྒྱུད་དང་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་སོགས་དྭངས་གཙང་ནུས་རྒྱུའི་རྟེན་གཞི་ཆེ་མོ་5བསྐྲུན་རྒྱུར་སྐུལ་སྤེལ་གང་མགྱོགས་བཏང་ནས་བོད་གློག་ཕྱིར་ཁྲིད་བགྲོད་ལམ་རྒྱུན་མཐུད་རྒྱ་སྐྱེད་གཏོང་རྒྱུ་དང་། དྭངས་གཙང་ནུས་རྒྱུའི“རྟེན་གཞི་གཅིག་དང་དཔེ་མཚོན་གཉིས”ཀྱི་གོང་འཕེལ་གཏོང་རྣམ་གསར་པ་གཏོད་རྒྱུར་ཤུགས་གང་ཡོད་བརྒྱབ་ནས་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་འཕྲུལ་ཤུགས་ཀྱི་གཞི་ཁྱོན་སྟོང་ཝ་ཁྲི་1600ཟིན་པ་དང་གློག་ཤུགས་ཕྱིར་ཁྲིད་བྱེད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་22ལས་བརྒལ་ཐུབ་པ་བྱེད་རྒྱུ། འབྱུང་འཕྲོད་བཟོ་ལས་གོང་འཕེལ་གང་མགྱོགས་གཏོང་རྒྱུའི་ཐད། གྲབ་ཡེར་དེང་རབས་ཚྭ་མཚོ་སོགས་ཀྱི་ཐོན་ལས་གསར་སྤེལ་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། འབྱུང་འཕྲོད་གཏེར་ཁ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། ཨར་འདམ་སོགས་འཛུགས་སྐྲུན་རྒྱུ་ཆའི་ཐོན་རྫས་ཐོན་ཚོང་འབྲེལ་མཐུད་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་རྒྱུ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་གང་མགྱོགས་གཏོང་རྒྱུའི་ཐད། དངུལ་རྩའི་འགན་བཅོལ་དང་ནུས་བསྲི་ཁོར་སྲུང་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས། རྒན་གསོ་བྱིས་སྐྱོང་དང་ཁྱིམ་སྐྱོང་སྡེ་ལས་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གཙོ་གནད་དུ་གོང་འཕེལ་གཏོང་རྒྱུ་དང་། ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་སུ་གསར་འཕར་ལས་ཞུགས་མི་ཁྲི་3ཡན་ཟིན་ཐུབ་པའི་འགན་ལེན་བྱེད་རྒྱུ། གུང་གསེང་དཔལ་འབྱོར་དང་མཚན་མོའི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་འཛད་སྤྱོད་རིམ་སྤོར་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། ཁྱིམ་ཆས་དང་ཁང་པ་བཀོད་འདོན་གཤམ་སྤེལ་བྱེད་པའི་ཁ་གསབ་སྤྲོད་རྒྱུ། ས་མཐོའི་སྐྱེ་དངོས་ཐོན་ལས་གོང་འཕེལ་གང་མགྱོགས་གཏོང་རྒྱུའི་ཐད། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་75གསར་སྐྲུན་དང་། སོན་རིགས་ལེགས་སྒྱུར་བྱས་ཏེ་འབྲུ་རིགས་ཐོན་ཚད་ཀྲོན་ཁྲི་100ཡན་བརྟན་གནས་ཐུབ་པའི་འགན་ལེན་བྱེད་རྒྱུ། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་གོང་འཕེལ་གང་མགྱོགས་བཏང་ནས་བོད་ལུགས་གསོ་རིག་སྨན་རྫས་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་ལོ་རེར་10%ཡན་འཕར་ཐུབ་པའི་འགན་ལེན་བྱེད་རྒྱུ། མཐོ་གསར་གྲངས་འཛིན་ཐོན་ལས་གོང་འཕེལ་གང་མགྱོགས་གཏོང་རྒྱུའི་ཐད། ཐོན་ལས་གྲངས་འཛིན་ཅན་དུ་སྒྱུར་བའི་དཔེ་ཚད་འཛིན་རྒྱུའི་ཁེ་ལས་ཁག་10ཡན་འཛུགས་པ་དང་། 5Gཚོད་ལྟའི་དཔེ་སྟོན་ཉེར་སྤྱོད་ཁག་15སྐྱོང་སྤེལ་བྱས་ནས་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་འཕར་ཐང་10%འཕར་བ་བྱེད་རྒྱུ། མཐའ་མཚམས་ཀྱི་ཚོང་དོན་ཟོག་འགྲུལ་ཐོན་ལས་གོང་འཕེལ་གང་མགྱོགས་གཏོང་རྒྱུའི་ཐད། གྲོང་ཁྱེར་གྱི་ཚོང་ལས་དྲ་ཚིགས་ཀྱི་ཁྱབ་བཀོད་ལེགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་གཞི་གཅིག་ཅན་གྱི་དྲ་རྒྱ་གང་མགྱོགས་བསྐྲུན་རྒྱུ་དང་། མཐའ་མིའི་ཚོང་འབྲེལ་ཁུལ་དང་། མཐའ་མཚམས་ཀྱི་ཉོ་ཚོང་ཁྲོམ་ར། མཐའ་མཚམས་ཀྱི་ཉོ་ཚོང་ས་ཚིགས་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་མགྱོགས་བཏང་ནས་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་20%ཡན་འཕར་ཐུབ་པ་བྱེད་རྒྱུ།
(བཞི) གསར་གཏོད་ཀྱིས་གོང་འཕེལ་ལ་འདེད་སྐུལ་གཏོང་རྒྱུའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། ལྷ་སའི་མཚོ་བོད་མཐོ་སྒང་གི་ཚན་རྩལ་ཞིབ་འཇུག་ལྟེ་གནས་དང་བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ལྟེ་གནས་སོགས་ཚན་རྩལ་གསར་གཏོད་ལས་སྟེགས་གང་མགྱོགས་བསྐྲུན་ཏེ། ལྗོངས་ཕྱི་ནང་གི་ཚན་ཞིབ་སྟོབས་ཤུགས་བསྡུ་འགུག་བྱས་ཐོག རྒྱུན་མཐུད་ནས་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་དངོས་སྒྱུར་ཉེར་སྤྱོད་ཐུབ་པ་བྱེད་རྒྱུ། “གཉིས་གཏོད”ཀྱི་གཞི་རྟེན་སྐྱོང་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་བོད་དུ་གནས་འབྱོར་ཐུབ་པར་སྐུལ་འདེད་བཏང་ནས་རང་སྐྱོང་ལྗོངས་རིམ་པའི་གཞི་རྟེན་ཁག་40བསྐྲུན་ཐུབ་པ་བྱེད་རྒྱུ།
གསར་གཏོད་དང་། ཉེར་སྤྱོད། རྩལ་ནུས་བཅས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཡོན་ཚད་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། “ཁས་ལེན་གཙོ་འགན་འཁུར་བའི”ལམ་ལུགས་ཁྱབ་གདལ་གཏོང་རྒྱུ། དེ་བཞིན་བོད་ལྗོངས་དང་ཞིང་ལྗོངས་གྲོང་ཁྱེར་གཞན་དག་དབར་ཤེས་ལྡན་མི་སྣ་མཉམ་སྤྱོད་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་འགྲོ་སྒྱུར་བྱེད་པར་སྐུལ་ལྕག་གཏོང་རྒྱུ།
(ལྔ) གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གྲོང་གསེབ་ཀྱི་གཏིང་ཤུགས་སྔར་བས་སྔོག་འདོན་བྱེད་རྒྱུ། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། མཛེས་སྡུག་གནས་འཕྲོད་ཐུབ་པའི་གྲོང་གསེབ་བསྐྲུན་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་ནས་མཛེས་སྡུག་གནས་འཕྲོད་ཀྱི་ཤང་གྲོང་ཁག་100འཛུགས་སྐྲུན་བྱེད་རྒྱུ་དང་གྲོང་ཚོ་ཁག་100སྲ་བརྟན་ཡར་རྒྱས་གཏོང་རྒྱུ། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་སྤེལ་ཏེ། རྨོ་ཞིང་ལ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྨོ་ཞིང་གི་སྤུས་ཚད་ལེགས་སུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་དང་། ཉོ་སྒྲུབ། གསོག་འཇོག བཟོ་སྣོན། བྲིན་འཚོང་བཅས་ཀྱི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་འབྲུ་རིགས་འགན་ལེན་ཐུབ་པ་བྱེད་རྒྱུ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་གནས་སྤོས་དབུལ་སྐྱོར་བྱས་རྗེས་ཀྱི་རྒྱུན་མཐུད་ཞོར་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དབུལ་སྐྱོར་རྣམ་གྲངས་ཀྱི་རྒྱུ་ནོར་མ་གྲངས་མཐིལ་རྟོགས་ཐུབ་པ་བྱེད་རྒྱུ། འཁོར་སྐྱོད་ལྟ་འདོམས་དང་ཕན་འབྲས་འདོན་སྤེལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་གཞི་ཁྱོན་ལྡན་པའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ལ་མདུན་ལྗོངས་རྒྱ་ཆེ་བ་དང་། ཕན་འབྲས་ལེགས་པ། སྐུལ་ཁྲིད་བྱེད་ཤུགས་ཆེ་བ་བཅས་ལེ་ལག་ཚང་སྒྲིག་གི་ཐོན་ལས་ཉུང་མཐར་ཡང་1ཡོད་དགོས་པའི་འགན་ལེན་བྱེད་རྒྱུ།
(དྲུག) རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤུས་ཚད་དང་གཤོང་ཚད་སྔར་བས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་གྱི་གཞུང་ལམ་དང་ཆུ་འདོན་ཆུ་འབུད་ཀྱི་མདོང་དྲ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆད་སྐྱོན་སེལ་རྒྱུ། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་དུ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྲིན་པོ་རིའི་བདེ་སྐྱིད་ཁྱིམ་གཞིས་བསྐྲུན་རྒྱུར་ཤུཌ་སྣོན་རྒྱག་རྒྱུ། “རྫོང་ཁོངས་འགག་སྒྲོལ”གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་མི་འབོར་མང་བ་དང་། རྨང་གཞི་ལེགས་པ། གཏིང་ཤུགས་ཆེ་བ་བཅས་ཀྱི་རྫོང་གྲོང་ཁག་གཅིག་འཛུགས་སྐྱོང་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་རྒྱུ། “གཙང་གཉིས་ཆུ་བཞིའི”ལུང་གཞུང་གི་དཔལ་འབྱོར་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་ལས་སྟོབས་ཆེའི་རྫོང་དང་། འབྲོག་ལས་སྟོབས་ཆེའི་རྫོང་། ཡུལ་སྐོར་སྟོབས་ཆེའི་རྫོང་བཅས་ཁག་གཅིག་སྤུས་ལེགས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་སྐུལ་ཁྲིད་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་རྒྱུ་རང་མོས་འཁོར་རྒྱུག་བྱེད་པའི་ལམ་ལུགས་རང་བཞིན་གྱི་ཐབས་ལམ་བཤངས་ནས་ཞིང་འབྲོག་ལས་ཀྱི་གནས་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གྲངས་1མཐོ་རུ་འགྲོ་ཐུབ་པའི་འགན་ལེན་བྱེད་རྒྱུ།
(བདུན) ས་ཁོངས་ཀྱི་གོང་འཕེལ་ཁྱབ་བཀོད་ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། མཐུན་སྦྱོར་དང་མཉམ་འགུལ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ། ལྷ་སའི་ལྟེ་བའི་ནུས་རིམ་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བར་གལ་ཆེའི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ”གྱི་དཔལ་འབྱོར་འཁོར་རྒྱ་གཏོད་རྒྱུར་ཤུགས་བརྒྱབ་སྟེ་སྒྲིག་བཀོད་སྦྲེལ་མཐུད་དང་། ཐོན་ལས་མཉམ་སྤེལ། གཙོ་རྒྱུ་འཁོར་རྒྱུག་བཅས་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཁྲོན་བོད་ལྕགས་ལམ་ལམ་རྒྱུད་ཁུལ་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་དང་གལ་ཆེའི་འབྲེལ་ཚིགས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་ལྟེ་གནད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་ལྗོངས་ཀྱིས་གོང་འཕེལ་གྱི་ཁྱབ་བཀོད་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པའི་ལྕགས་ལམ་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། མཐའ་མཚམས་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་བྱེད་ནུས་ཆ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བའི་མ་ལག་ཅན་དང་མཐའ་བརྟན་རྣམ་པའི་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་ཁུལ་གཏོད་རྒྱུ། བོད་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་གཙོ་གནད་གསར་སྤེལ་ཁུལ་དང་། བོད་ཤར་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུའི་གསར་སྤེལ་ཁུལ། བོད་ནུབ་བྱང་གི་སྐྱེ་ཁམས་གསོ་འཁྱོངས་ཁུལ་བཅས་བསྐྲུན་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་རྒྱུ།
(བརྒྱད) དམངས་འཚོ་དོ་སྙོམས་ངང་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། གྲུབ་འབྲས་མཉམ་སྤྱོད་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ། ལས་ཞུགས་བརྟན་འཁྱོངས་ཐུབ་པའི་ལས་དོན་དམ་འཛིན་ཡག་པོ་བྱེད་པར་ཤུགས་རྒྱག་རྒྱུ། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་ཆེན་སློབ་མ་ལས་ཀར་ཞུགས་ཚད་95%ལས་བརྒལ་ཐུབ་པ་དང་ལས་ཀར་ཞུགས་འདོད་ཡོད་མཁན་གྱི་དཀའ་ངལ་ཡོད་པའི་སློབ་མ་100%ལས་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་མཁན་དང་། དབང་པོ་སྐྱོན་ཅན། དམག་ཞབས་ཐིམ་པའི་དམག་མི་བཅས་གཙོ་གནད་རིགས་གྲས་ཀྱི་ལས་ཞུགས་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་བབ་བསྟུན་གྱིས་ལས་ཞུགས་པ་ཡོད་པ་བཟོ་རྒྱུ། ལས་རིགས་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་སྟེ“བོད་ཀྱི་བཟོ་བོ”གསོ་སྐྱོང་ཤུགས་ཆེ་བྱེད་རྒྱུ། རྩ་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ཐོག ངལ་ནུས་ཕྱིར་གཏོང་གི་གྲགས་རྟགས་བཏོད་དེ་ཞིང་འབྲོག་པ་མི་ཁྲི་60ཡན་གནས་སྒྱུར་ལས་ཞུགས་ཐུབ་པ་དང་ངལ་ནུས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་50ཡན་ཟིན་ཐུབ་པ་བྱེད་རྒྱུ། དམངས་འཚོར་ཕན་འདོགས་པའི་ལས་དོན་དམ་འཛིན་ཡག་པོ་བྱེད་པར་ཤུགས་རྒྱག་རྒྱུ། དམངས་འཚོའི་ལས་གཞི་ཆེན་པོ་བཅུ་སྤེལ་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་ཤུགས་བརྒྱབ་སྟེ། སློབ་ཞུགས་མ་བྱས་གོང་བུ་བཅོལ་ཁང་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་88%ཟིན་ཐུབ་པ་དང་། འགན་བབས་སློབ་གསོ་སྲ་བརྟན་དུ་གཏོང་ཚད་96%ལས་བརྒལ་ཐུབ་པ། མཐོ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་91%ཟིན་ཐུབ་པ། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་57%ཟིན་ཐུབ་པ་བཅས་བྱེད་རྒྱུ། བོད་ལྗོངས་ཀྱི་ལག་རྩལ་བའི་སློབ་གླིང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་རིགས་སློབ་གསོ་གོང་འཕེལ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་། བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་འཛུགས་རྒྱུ། རིག་གནས་ཀྱི་དམངས་ཕན་ལས་གཞི་དང་། རིག་གནས་ཀྱི“མཐའ་གསོས”ལས་གཞི། རིག་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བའི་ལས་གཞི་བཅས་ལག་བསྟར་གང་མགྱོགས་བྱེད་རྒྱུ། རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བསྒྱུར་བཅོས་བྱས་འབྲས་ཕྱོགས་ཡོངས་ནས་ཚོད་སྐོར་བྱེད་རྒྱུ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁག་100གཞི་རྩའི་ཆར་ཚད་གཞི་ལོན་པར་སྐུལ་སྤེལ་བཏང་ནས་ལྗོངས་ཡོངས་ཀྱི་གྲོང་ཚོར(གྲོང་ལྷན)སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ཡོངས་སུ་ཁེབས་ཐུབ་པ་བྱེད་རྒྱུ། ཐ་གྲས་སྐྱོང་བའི་ལས་དོན་དམ་འཛིན་ཡག་པོ་བྱེད་པར་ཤུགས་རྒྱག་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་མཁན་འཚོ་སྐྱོང་། གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། ཁྱིམ་སྡོད་ཀྱིས་རྨང་གཞི་དང་། སྡེ་ཁུལ་གྱིས་རྒྱབ་རྟེན། ལས་ཁུངས་ཀྱིས་ཁ་གསབ་བཅས་བྱེད་པའི་རྒན་གསོའི་ཞབས་ཞུའི་མ་ལག་གསར་འཛུགས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཕྱོགས་ཡོངས་ནས“ཤ་མར་ཚལ་གསུམ”དང་“འབྲུ་རིགས”ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་ཁྲོམ་རའི་རིན་གོང་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། གློག་ཤུགས་མཁོ་འདོན་འགན་ལེན་གྱི་བཀོད་གཏོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མཁོ་འདོན་འདང་ངེས་དང་རིན་གོང་བརྟན་འཁྱོངས་ཐུབ་པའི་འགན་ལེན་བྱེད་རྒྱུ།
(དགུ) སྐྱེ་ཁམས་དཔལ་ཡོན་དར་རྒྱས་གཏོང་བར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། སྐྱེ་ཁམས་ཀྱི་རིན་ཐང་སྔར་བས་དངོས་སྒྱུར་བྱེད་རྒྱུ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་99%ལས་བརྒལ་ཐུབ་པ་དང་། གཙོ་གནད་གཙང་ཆུ་དང་མཚེའུ་ཡི་ཆུ་སྤུས་དེ་ཆུ་རིགས་IIIཔའི་ཚད་གཞིར་སླེབས་ཐུབ་པའམ་ཡང་ན་དེ་ལས་ལེགས་པ་བྱས་ཏེ་བསྡུར་ཚད་100%བཟང་འཁྱོངས་ཐུབ་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་འཁྱོངས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་རྒྱུ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་གོང་འཕེལ་གྱི་ལག་བསྟར་ཇུས་གཞི་བཟོ་འགོད་དང་ལག་བསྟར་བྱེད་རྒྱུ་དང་། ཆུ་དཔོན་ལམ་ལུགས་དང་། མཚེའུ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས་བཅས་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་རྐང་དུ་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གང་མགྱོགས་བཙུགས་ཏེ། “གཙང་གཉིས་ཆུ་བཞི”དང“ལྷོ་རི་དང་བྱང་རིའི”ནགས་བཟོ་སྔོ་སྒྱུར་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་གཙོ་གནད་ལས་གྲྭ་རྒྱུན་མཐུད་ངང་ལག་བསྟར་བྱེད་རྒྱུ། “ལྗང་ཕུབ”བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ། ནགས་ཚལ་དང་། འདམ་ར། རྩྭ་ཐང་སོགས་ཀྱི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སྤྲོད་ལམ་འཐུས་སྒོ་ཚང་དུ་བཏང་ནས་རྫོང(ཆུད)ཁག་74ཚང་མ་གཏོང་སྤྲོད་བྱེད་ཁོངས་སུ་འཇུག་ཐུབ་པ་བྱེད་རྒྱུ། ཐཱན་འབུད་ཚད་བཀག་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཆེད་དོན་ཞིབ་འཇུག་འབྲས་བུ་དངོས་སྒྱུར་བྱེད་པར་སྐུལ་སྤེལ་བཏང་ནས་ཐཱན་འདུས་དཔལ་འབྱོར་དང་འབྱུང་འཕྲོད་དངུལ་རྩ་གོང་འཕེལ་ཧུར་ཐག་གཏོང་རྒྱུ། མཐོ་གསུམ་གྱི་རྣམ་གྲངས་ནང་འདྲེན་བྱེད་རིགས་བཀག་འགོག་བྱེད་རྒྱུ་དང་། རྒྱུན་འཁོར་དཔལ་འབྱོར་གྱི་དཔེ་སྟོན་བྱ་སྤྱོད་སྤེལ་ཏེ། ནགས་གསེབ་ཐོན་ཁུངས་གསར་སྤེལ་བྱས་ནས་སྐྱེ་ཁམས་དམངས་ཕྱུག་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།
(བཅུ) བསྒྱུར་བཅོས་སྒོ་དབྱེར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་ཐུབ་པ་བྱེད་རྒྱུ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་རྒྱུ་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་གལ་ཆེའི་རྨང་གཞི་ཞིག་ཏུ་བརྩིས་ནས་ཚོང་གཉེར་གྱི་ཁོར་ཡུག་བཟང་པོར་བརྟེན་ཏེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་སྐུལ་འདེད་དང་། མ་འཇོག་རྣམ་གྲངས་འཕར་སྣོན་ཡོང་བར་སྐུལ་ཁྲིད། དཔལ་འབྱོར་འཁོར་སྐྱོད་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་སྲུང་བཅས་བྱེད་དགོས། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་བཙུགས་ཐོག་ཕྱོགས་ཡོངས་ནས་ཁྲོམ་རའི་བྱེད་པོའི་བློ་མོས་ཡོང་ཚད་ཆེ་རུ་གཏོང་རྒྱུ། “གློད་སྡོམ་ཞབས”གསུམ་གྱི་བསྒྱུར་བཅོས་དང་ཚོང་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ནས“སྲིད་དོན་ཞབས་ཞུའི་དྲ་གཅིག་ཀུན་སྒྲུབ”དང“ཐེངས་གཅིག་ལས་འགྲོ་མི་དགོས་པ”སོགས་ཀྱི་བྱེད་ཐབས་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ། འགན་གཙང་བླངས་པའི་ས་ཞིང་གཉེར་སྐྱོང་བྱེད་དབང་རིམ་ལྡན་བརྒྱུད་བཤུག་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་བསྒྱུར་བཅོས་ཚོད་ལྟ་བརྟན་པོའི་ངང་སྤེལ་རྒྱུ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་བྱས་ནས་གཞུང་ཁོངས་ཁེ་ལས་དར་རྒྱས་གཏོང་བའི་ལོ་གསུམ་བྱ་སྤྱོད་སྤེལ་རྒྱུ། བཅོས་སྣུམ་གྱི་རིན་གོང་གི་ཁུལ་ཁོངས་རིན་ཁྱད་ལེགས་སྒྲིག་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ལྗོངས་ནང་ཁོངས་སུ་གློག་ཤུགས་ཐད་ཀར་ཉོ་ཚོང་བྱེད་ལམ་རིམ་བཞིན་འཛུགས་རྒྱུ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། སྡེ་གླིང་གི་གཞི་རྟེན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་སོགས་རིགས་འདྲ་མིན་གྱི་སྡེ་གླིང་གོང་འཕེལ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང“ས་གྲོལ་དཔལ་འབྱོར”གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ལྷ་སའི་མཁའ་འགྲུལ་འགག་སྒོའི་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་། དགུན་སའི་མཁའ་འགྲུལ་འགག་སྒོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ལ་རྩེ་དང་། འདྲེན་ཐང་། རི་འོག་སོགས་ཀྱི་འགག་སྒོའི་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་དེ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐུབ་པ་བྱེད་རྒྱུ། སྐྱིད་རོང་གི་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་གང་མགྱོགས་བྱས་ནས་ནེ་པ་ལ་སོགས་ཉེ་འཁོར་གྱི་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་རྒྱུ། ལྟ་བ་གསར་སྒྱུར་དང་། ཞབས་ཞུ་སྒྲུབ་ཤུགས་ཆེར་གཏོང་། བྱེད་ཐབས་གསར་གཏོད་བཅས་བྱེད་པའི་སྒོ་ནས་ཚོང་འགུགས་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཁེ་ལས“ཕྱི་རུ་སྐྱོད་པའི”ཐབས་ལམ་རྒྱ་སྐྱེད་བཏང་ནས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་མ་འཇོག་སྒོར་དུང་ཕྱུར་500གནས་འཁྱོལ་ཐུབ་པ་བྱེད་རྒྱུ།
(བཅུ་གཅིག) སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱས་ཏེ། གོང་འཕེལ་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ། མཐའ་མཚམས་ཀྱི་ཕྱི་འགོས་ནད་ཡམས་བཀག་འགོག་བྱེད་རྒྱུ་དེ་ཨང་དང་པོར་བཞག་ནས་འགག་སྒོའི་རིམས་འགོག་ཞིབ་བཤེར་དང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཀར་ཤུགས་གང་ཆེ་རྒྱག་རྒྱུ་དང་། བོད་དུ་ཡོང་མཁན་ལ་ལྟ་དཔྱད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཀའི་འཕེལ་ངོ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་གཏོང་རྒྱུ། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་བྱ་ཐབས་ཁག་རྒྱུན་མཐུད་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་། དོ་དམ་ལམ་ལུགས། དཔྱད་ཞིབ་བྱེད་ལམ་བཅས་དོན་འཁྱོལ་བྱེད་རྒྱུ་མ་ཟད། ལྟ་སྡོམ་ཁྲིམས་སྒྱུར་ནན་པོ་བྱས་ནས་འགྲིམ་འགྲུལ་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས། བཟོ་སྐྲུན་ཨར་ལས། ནགས་ཚལ་རྩྭ་ཐང་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྡོམ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དམིགས་བསལ་ཚབས་ཆེའི་བདེ་འཇགས་ཀྱི་ལས་འཛོལ་ཐོན་རིགས་ནན་འགོག་བྱེད་རྒྱུ། རང་བྱུང་གནོད་འཚེ་འགོག་བཅོས་བྱེད་པའི“ལས་གཞི་ཁག་དགུ”དང་བློ་རིག་འཕྲལ་མཁོའི་ལས་གཞིར་རྒྱུན་མཐུད་སྐུལ་སྤེལ་བཏང་ནས་རང་བྱུང་གནོད་འཚེ་འགོག་བཅོས་དང་ལྟ་ཞིབ་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དོ་དམ་བྱེད་པའི་ལས་ཀ་ཤུགས་ཆེར་སྤེལ་ཏེ། བཟའ་བཅའ་དང་སྨན་རྫས་ཀྱི་ཚད་གཞིའི་མ་ལག་དང་ཞིབ་བཤེར་བརྟག་ཞིབ་མ་ལག་གསར་འཛུགས་དང་འཐུས་ཚང་བཟོས་ཐོག མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་སྲུང་བྱས་ནས་བཀྲ་ཤིས་ལུགས་ལེགས་དང་ཞི་བདེ་ལྷིང་འཇགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།
(རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣