དབུ་ཤོག>ཆེད་སྒྲིག
  • ​སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-24

    འཐུས་མི་རྣམ་པ།

    ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་པ་རྣམ་པས་དགོངས་འཆར་འདོན་རོགས་གནང་།

    གཅིག 2021ལོའི་ལས་དོན་ལ་ཕྱི་མིག་བལྟ་བ།

    འོད་སྟོང་ལྡན་ཞིང་གཟི་དཔལ་འབར་བའི་2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་གཟིགས་ཞིབ་མཛུབ་ཁྲིད་གནང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་མཉམ་དུ་བཀྲ་ཤིས་སྨོན་བཟང་ཞུས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་མཉམ་དུ་བཀྲ་ཤིས་རྟེན་འབྲེལ་ཞུས་ཐོག དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་རྒྱང་ལམ་གསར་པའི་ཐོག་བསྐྱོད་ཡོད། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་འགག་སྒྲོལ་བྱས་ཏེ་དམིགས་ཚད་དང་ལས་འགན་ཁག་ལེགས་ཙམ་འགྲུབ་ཡོད་པ་དང་“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་བཙུགས་ཡོད།

    —— སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འགོག་ཟོན་ནན་པོ་བྱས་པ་དང་། ཁྲིམས་འགལ་ཉེས་གསོག་རིགས་ལ་ནན་རྡུང་དམ་བསྒྲགས་གཏོང་ཐབས་རྒྱུན་འཁྱོངས་བྱས་པས་རྟེན་འབྲེལ་ཆེ་མོའི་ལོར་སྤྱི་ཚོགས་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བཟང་འཁྱོངས་ཐུབ་སྟེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་མོས་ཚད་99.74%ཟིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཟམ་མི་ཆད་པར་ཟབ་ཏུ་བཏང་བ། ཆོས་ལུགས་བྱ་བའི་ཐད“མང་དུ་གཏོང་རྒྱུ་མེད་པ་གསུམ”རྒྱུན་མཐུད་དོན་འཁྱོལ་བྱས་པ་བཅས་ཀྱིས་ལྗོངས་ཡོངས་སུ་ཆོས་ལུགས་འགྲིག་མཐུན་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་བྱུང་ཡོད།

    —— དཔལ་འབྱོར་འཕེལ་ངོ་བཟང་པོ་བྱུང་བ། ཏོག་གསར་ནད་ཡམས་ཕྱི་ནས་འགོས་མེད་པ་དང་ནང་དུ་འགོས་ཁྱབ་བྱུང་མེད་ཅིང་། ཐོན་སྐྱེད་བརྟན་ཐོག་སྒྲིག་ལྡན་བྱུང་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་2000ལས་བརྒལ་ནས་7%ཡས་མས་འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་11%ཡན་འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་10%ཡས་མས་འཕར་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་13%དང་14%འཕར་ནས་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཁྲི་5.2མང་དུ་སོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བསྡུར་ཚད་5%ནང་ཚོད་འཛིན་ཐུབ་ཡོད།

    —— རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་ལེགས་སུ་སོང་བ། ལྷ་ནག་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་བདེ་བླག་ངང་སྐྲུན་བཞིན་པ། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་100%དང་99.96%ཟིན་ཞིང་། གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་12ཟིན་ཡོད། མཁའ་འགྲུལ་ལམ་ཐིག་19མང་དུ་བཏང་བ་དང་། གོང་དཀར་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་ལས་གཉེར་བྱེད་འགོ་ཚུགས་ཡོད། 5Gསྦྲེལ་ཚུགས་3083གསར་སྐྲུན་བྱས་པ་དང་འོད་སྐུད་སྤྱི་ལེ་ཁྲི་28ལ་ཉེ་བ་འཁྲིད་ཡོད། མཚོ་བོད་ལྕགས་ལམ་གྱི་གོར་ལྷ་དུམ་བུའི་ནུས་སྐྱེད་བསྒྱུར་བཀོད་བྱས་པ་དང་། ཁྲོན་བོད་ལྕགས་ལམ་ཧྲིལ་པོའི་ལས་འགོ་ཚུགས་ཟིན་པ། ལྷ་ཉིང་ལྕགས་ལམ་དུམ་བུ་ཤར་གཏོང་ཐུབ་པའི་ཐོག“བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་ཐེངས་དང་པོ་བསྐྱོད་ཡོད།

    —— གྲོང་གསེབ་དར་རྒྱས་ལས་གཞི་གཏིང་ཟབ་སྤེལ་བ། ཡུལ་སྤོས་བྱས་པར་རྗེས་མཐུད་ཀྱི་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཞིང་། ལྟ་དཔྱད་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་ཚགས་ཚུད་འཐུས་ཚང་བཟོས་ནས་དུད་ཚང་4467གྱི་མི་གྲངས་18597དབུལ་ལོག་ཡོང་ཉེན་མེད་པ་བཟོས་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ་100འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། རོགས་སྐྱོར་རྣམ་གྲངས་2126ལག་བསྟར་བྱས་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་སྒྲིག་འཛུགས་གསར་གྲས་6172ཟིན་ཡོད། གྲོང་གསེབ་ཁྱིམ་ཚང་གི་གསང་སྤྱོད་ཁྲི་4.66བསྒྱུར་བཅོས་ལེགས་སྒྲུབ་བྱུང་ཡོད། མཛེས་སྡུག་ལྡན་ཞིང་འཚོ་གནས་འཕྲོད་པའི་དཔེ་སྟོན་གྲོང་ཚོ་120གསར་སྐྲུན་བྱས་ཡོད། ནས་ཀྱི་སོན་བཟང་དང་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁེབས་ཚད་ཁག་སོ་སོར་90%དང་32%ཡན་ཟིན་ཡོད།

    —— ཁྱད་ལྡན་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་བྱུང་བ། འབྲུ་རིཌ་ཐོན་འབོར་ཀྲོན་ཁྲི་106.5དང་ནས་ཐོན་འབོར་ཀྲོན་ཁྲི་82ཟིན་ནས་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད། ཤ་རིགས་དང་དཀར་ཆུའི་ཐོན་འབོར་ཀྲོན་ཁྲི་82དང་སྔོ་ཚལ་ཐོན་འབོར་ཀྲོན་ཁྲི་88ཟིན་པ་དང་། “རྫས་གསུམ་རྟགས་གཅིག”གི་ཞིང་ལས་ཐོན་རྫས་སྤྱི་འབོར་1014ཟིན་ཡོད། ཡུལ་སྐོར་མི་ཐེངས་ཁྲི་4150དང་ཡོང་འབབ་སྒོར་དུང་ཕྱུར་441ཟིན་ཡོད། རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་དང་བོད་ལྗོངས་དྭངས་གཙང་ནུས་རྒྱུ་གསར་གཏོད་གོང་འཕེལ་ལྟེ་གནས་སྒོ་བྱང་བཀལ་ནས་བཙུགས་ཡོད། དྭགས་པོའི་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དང་ལ་འོག་ཆུ་ཤུགས་གློག་ཁང་གི་ཆུ་བོ་འཕྲེད་བཀག་ལེགས་སྒྲུབ་ཐུབ་ཅིང་། བསྐྲུན་ཟིན་པ་དང་སྐྲུན་མུས་ཀྱི་གློག་འདོན་འཕྲུལ་ཚན་སྟོང་ཝ་ཁྲི་1371ཟིན་པ་དང་། ཕྱིར་གཏོང་གློག་འབོར་སྟོང་ཝ་ཆུ་ཚོད་དུང་ཕྱུར་25ཟིན་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་དང་། མཐོ་གསར་ལག་རྩལ་ཁེ་ལས། ཚན་རྩལ་རིགས་ཀྱི་ཁེ་ལས་འབྲིང་ཆུང་བཅས་ཀྱི་གྲངས་འབོར་ཁག་སོ་སོར་12.5%དང་། 18% 127%བཅས་འཕར་ཡོད། “ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་ཀྱི་ནུས་འབྲས་ཟམ་མི་ཆད་པར་ཐོན་ཡོད།

    —— བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་སྤེལ་བ། “དྲ་གཅིག་སྟེགས་གསུམ”བཟོས་ནས་ལས་གཉེར་དང་ཞིང་ཆེན་ལྔ“ཁོངས་བརྒལ་མཉམ་སྒྲུབ”བྱེད་པའི་དྲ་ཐོག་ལས་གཉེར་བྱས་ཡོད། དཀའ་ངལ་སེལ་རོགས་བྱས་ཏེ་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་41བྱས་ཡོད། རིགས་ཁག་གི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་40ལས་བརྒལ་ཡོད། ཚོང་འགུཌ་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500གནས་འཁྱོལ་བྱུང་ཡོད། ནེ་པ་ལར་རོགས་སྐྱོར་དོན་འཁྱོལ་ཤུགས་ཆེ་བྱས་ཡོད། “ཧི་མ་ལ་ཡའི་རྒྱུད་ཀྱི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་སྐོར་གྱི་ཆེད་དོན་ཞིབ་གྲོས་ཚོགས་འདུ་ལེགས་འགྲུབ་བྱུང་བ་དང་། ཕྱི་འབྲེལ་པུས་གཉེར་བའི་གོ་ལ་ཡོངས་ཀྱི་འོས་སྦྱོར་བྱེད་སྒོའི་ཐོག་བོད་ལྗོངས་ཀྱི་རྣམ་པ་གསར་པ་འགྲེམས་སྟོན་བྱས་ཡོད།

    —— དམངས་འཚོའི་བདེ་རྩ་སྔར་བས་ལེགས་སུ་སོང་བ། མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་ལས་ཞུགས་བྱེད་ཚད་99%ཟིན་ཡོད། ཞིང་འབྲོག་མང་ཚོགས་ཁྲི་69.3ཁ་སྒྱུར་ལས་ཞུགས་བྱས་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་58.1བྱུང་ཡོད། རྫོང་ཁོངས་འགན་བབས་སློབ་གསོ་གཞི་རྩའི་ཆར་དོ་སྙོམས་ཡོང་བའི་རྒྱལ་ཁབ་ཀྱི་རྩིས་ལེན་ལེགས་འགྲུབ་བྱུང་ཡོད། བོད་ལྗོངས་ལག་རྩལ་པའི་སློབ་གླིང་བསྐྲུན་ནས་སློབ་གཉེར་བྱེད་འགོ་ཚུགས་ཡོད། ཏོག་གསར་རིམས་འགོག་སྨན་ཁབ་རིན་མེད་ཐོག་རྒྱག་ཐེངས་ཁྲི་700ལས་བརྒལ་ཡོད། བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་ན་72.19བར་མཐོ་རུ་སོང་ཡོད། གཅིག་སྡུད་འབོར་བཅད་ཉོ་སྒྲུབ་བྱས་ཏེ་སྨན་དང་སྨན་སྤྱོད་མཁོ་ཆས་ཀྱི་རིན་གོང་རྒྱུན་མཐུད་ནས་ཆག་ཡོད། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པར་ཐད་ཀར་དུས་རྩིས་རྒྱག་ཐུབ་པ་བཟོས་ཡོད། ཁེ་ལས་ཀྱི་ལས་འཁྱུར་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་གྲོན་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་5629ཟིན་ཡོད། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཚང་སྒྲིག་ཁང་པ་ཁྲི་1.12བརྒྱབ་ཡོད། བདེ་ཐང་ཇ་གོ་རིམ་ལྡན་པའི་ངང་ཁྱབ་གདལ་བཏང་ཡོད། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་རྣམ་གྲངས་ཁག་35ལག་བསྟར་བྱས་ཡོད། རིམ་པ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུ་གྲོང་ཁྱེར་གྲོང་གསེབ་ཏུ་ཁེབས་པ་དང་རིག་རྩལ་དཔུང་ཁག་གྲོང་ཚོ་གྲོང་ལྷན་དུ་ཁྱབ་ཅིང་། ཕུལ་བྱུང་རིག་རྩལ་བརྩམས་ཆོས་རྒྱུན་ཆད་མེད་པར་ཐོན་ཡོད། རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་ས་མཐོའི་བུ་ཕྲུག་གིས་དཔའ་ཉམས་ཡོངས་སུ་སྟོན་ཏེ་ལོ་རྒྱུས་ཐོག་གི་གྲུབ་འབྲས་བཟང་ཤོས་ཐོབ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་དྲན་རྟེན་དངོས་པོ་ཕྱོགས་ཡོངས་ནས་གཤམ་སྤྲོད་བྱས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཐད་ཀར་མཚོན་པར་བྱས་ཡོད།

    —— སྐྱེ་ཁམས་ཁོར་ཡུག་ལེགས་འཁྱོངས་བྱུང་བ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་བྱས་པ་དང་། རྒྱལ་ཁོངས་ས་ཁམས་ཀྱི་བར་སྟོང་50%“ཚད་གསུམ་ཐོ་གཅིག”གི་དམིགས་བསལ་སྔོན་དུ་སྲུང་སྐྱོབ་བྱེད་པའི་གསལ་ཐོའི་ནང་བཅུག་ཡོད། ཐེངས་དང་པོའི་རང་སྐྱོང་ལྗོངས་རིམ་པའི་གལ་ཆེའི་འདམ་རའི་མིང་གཞུང་ཁྱབ་བསྒྲགས་བྱས་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་རྒྱུད་གླིང་ཁུལ་འཛུགས་པར་ཆོག་མཆན་ཐོབ་ནས་བཙུགས་ཡོད། མཚོ་བོད་ཚན་ཞིབ་ཐེངས་གཉིས་པ་གཏིང་ཟབ་སྤེལ་ཡོད། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་(ཆུད)3གསར་སྣོན་བྱས་ཡོད། བཙོག་སྐྱོན་དང་ཐཱན་གཉིས་ཀ་ཉུང་གཏོང་མཉམ་བཅོས་བྱེད་པར་སྐུལ་འདེད་བཏང་ནས་བཙོག་སྐྱོན་འགོག་བཅོས་འགག་སྒྲོལ་བྱས་པ་དེ་རྒྱལ་ཡོངས་ཀྱི“ཕུལ་བྱུང”གྲས་སུ་རྒྱུན་འཁྱོངས་ཐུབ་ཅིང་། ནམ་མཁའ་སྔོ་ལ་ཆུ་བོ་དྭངས་ཤིང་ས་གཞི་གཙང་བའི་འཕེལ་ངོ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་བཏང་ཡོད།

    —— མཐའ་མཚམས་སྲ་བརྟན་དང་སྟོབས་ཆེ་ཡོང་བར་སྐུལ་སྤེལ་ཤུགས་ཆེ་བཏང་བ། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཆ་ཚང་སྐྲུན་ཟིན་ཡོད། ཕད་ནས་མེ་ཏོག་བར་གྱི་གཞུང་ལམ་ཆ་ཚང་བཟོས་ཚར་བ་དང་ཡན་ལག་གནམ་ཐང་3མགྱོགས་མྱུར་སྐྲུན་བཞིན་ཡོད། མཐའ་མཚམས་རྫོང་གྲོང་ཆ་ཚང་ལ་ཚད་ལྡན་གྱི་ཆུ་འདོན་བཟོ་གྲྭ་དང་འཚོ་བའི་གད་སྙིགས་སྦས་ས་བཟོས་ཡོད། མཐའ་མཚམས་རྫོང་21ལ་དམིགས་འཛུགས་རོགས་སྐྱོར་བྱེད་འགོ་ཚུགས་ནས་མཐའ་མཚམས་གོང་འཕེལ་དང་བརྟན་ལྷིང་གི་དུས་མཚམས་གསར་པར་བསྐྱོད་ཡོད།

    —— ཁ་གཏད་བོད་སྐྱོར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། ཁ་གཏད་བོད་སྐྱོར་ཚོགས་འདུ་ཁག་31ཚོགས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། “ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་ཕན་སྐུལ”བྱེད་པའི་ཆེད་དོན་བྱེད་སྒོ་ལེགས་འགྲུབ་བྱུང་ཡོད། བོད་སྐྱོར་རྣམ་གྲངས་807ལག་བསྟར་བྱས་པ་དང་མ་འཇོག་སྒོར་དུང་ཕྱུར་40.2ལེགས་འགྲུབ་བྱུང་ཡོད། སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་པར་སྐུལ་སྤེལ་གཏིང་ཟབ་བཏང་བ་དང་། བོད་སྐྱོར་ལས་བྱེད་ཤེས་ལྡན་པ་5000ལྷག་ཙམ་གྱིས་ས་མཐོར་འབད་འཐབ་བྱས་ནས་ངོ་མཚར་རྨད་དུ་བྱུང་བའི་བྱས་རྗེས་བཏོད་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་ཐོག བསམ་པ་རྣམ་དག་དང་བརྩེ་སེམས་ལྷད་མེད་བཅངས་ནས་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་གཅིག་བསྒྲུབས་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་རྒྱུན་བསྲིང་ལྷོད་མེད་ཀྱིས་ཤུགས་སྣོན་བརྒྱབ་པ་དང་། སྲིད་དོན་ཡོངས་བསྒྲགས་བྱེད་རྒྱུ་ཁྱབ་སྤེལ་བཏང་ཞིང་། མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་ལྟ་སྐུལ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལྟ་སྐུལ་བཅས་རང་རྟོགས་ངང་དང་ལེན་ཞུས་པ་དང་། རྩིས་བཤེར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དེ་བཞིན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཁྲིམས་སྲོལ་12གྲོས་ཞིབ་བྱེད་རྒྱུར་ཕུལ་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་239དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་312གཉེར་སྒྲུབ་བྱས་ཤིང་། གཉེར་སྒྲུབ་ལན་འདེབས་བྱེད་ཚད་100%ཟིན་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་འཛིན་གནང་བའི་རླབས་ཆེན་སྟོབས་ཤུགས་འབུར་དུ་མངོན་པ་དང་། དེའི་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་ལེགས་སྐྱེས་མཉམ་འདུས་བྱས་ཡོད་ལ། དེ་ནི་འགོ་ཁྲིད་ཚན་ཁག་རིམ་བྱུང་གིས་རྒྱུན་མཐུད་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་དང་། ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། ལྗོངས་མི་དམངས་འཐུས་ཚོགས་དང་ལྗོངས་སྲིད་གྲོས་ཀྱིས་ལྟ་སྐུལ་རྒྱབ་སྐྱོར་གནང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པ་བཅས་ཀྱི་འབྲས་བུའང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་དང་། ཀྲུང་དབྱང་གི་བོད་སྡོད་ལས་ཁུངས་དང་། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་བོད་སྐྱོར་ཚན་པ། དེ་བཞིན་ལས་འཁྱུར་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས། བོད་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། མི་དམངས་ཚོགས་པ་ཁག སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམ་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

    གྲུབ་འབྲས་ལ་གདེང་འཇོག་བྱེད་པ་དང་ཕྱོགས་མཚུངས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་སྟེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་རྣོ་ངར་དང་རྙོག་འཛིང་ཆེ་བ་དང་། གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་ཙམ་ཡོད་པ། ནུས་ལྡན་གྱི་མ་འཇོག་འཕར་སྣོན་འགྲོ་ཤུགས་ཆེན་པོ་མེད་པ། ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞི་ཞན་ལ་གཞི་ཁྱོན་ཆུང་བ། སྤྱི་པའི་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་དགོས་པ། གྲོང་གསེབ་དར་རྒྱས་གཏོང་བའི་ལས་འགན་ལྗིད་རྫོབ་ཆེ་བ། མཐའ་མཚམས་སྟོབས་ལྡན་དང་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ལྕི་བ་བཅས་ཡིན། དེ་བཞིན་ལས་བྱེད་པ་ཉུང་ཤས་ཀྱི་སྤྱོད་ཚུལ་དྲང་བདེན་མེད་པ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མེད་པའི་སྣང་ཚུལ་ངེས་ཅན་ལྷག་ཡོད། ང་ཚོས་ངེས་པར་དུ་བྱ་ཐབས་དེ་བས་ཤུགས་ཆེ་དང་ནུས་ལྡན་སྤྱད་ནས་དེ་དག་ཐག་གཅོད་ནན་ཏན་བྱེད་དགོས་ཀྱི་ཡོད།

    གཉིས། 2022ལོའི་སྤྱི་ཡོངས་ཀྱི་བླང་བྱ།

    2022ལོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་འགོ་འཛུགས་པའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་རེད་ལ། དེ་བས་ཀྱང་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་འཚོག་བྱེད་རྒྱུའི་ལོ་ཞིག་ཡིན་པས་དུས་སྐབས་འགག་གནད་ཆེ་བ་དང་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད།

    2022ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ཐོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱེད་རྒྱུར་བསུ་བ་ཞུ་རྒྱུ་དང་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་བཟུང་སྟེ། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་རྒན་རབས་པའི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་དགོངས་གཞི་གཙོ་བོ་མཐའ་འཁྱོངས་བྱས་ཏེ་གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ནས་ལག་བསྟར་བྱེད་པ་དང་། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་སྒྲུབ་པ་དང་མཉམ་འདྲེས་བྱེད་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ། གསར་གཏོད་འདེད་སྐུལ་གྱིས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། གོང་འཕེལ་གཏོང་ལམ་ལེགས་སུ་གཏོང་རྒྱུ་ནས་འགོ་འཛུགས་པ་དང་། གཙོ་རྒྱུ་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་ཀྱི་མཐུན་རྐྱེན་འགན་སྲུང་དུ་བྱེད་པ་བཅས་བྱས་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་དང་། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ“དོན་ཆེན་བཞི”དང“འགན་ལེན་བཞི”དམིགས་སུ་བཀར་ཐོག “བརྟན་པོ་དྲུག”དང“འགན་སྲུང་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། “འཛུགས་གཏོད་བཞི”ལ་སྐུལ་སྤེལ་ཤུགས་ཆེ་གཏོང་བ་དང་“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བཅས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་ནང་རྒྱུན་འཁྱོངས་ཐུབ་པ་དང་། བརྟན་ཐོག་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དམངས་གཉིས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས།

    ད་ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་8%ཡས་མས་འཕར་བ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་8%དང་10%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བསྡུར་ཚད་5%ནང་ཚོད་འཛིན་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚོད་འཛིན་བྱེད་རྒྱུ། ནུས་རྒྱུ་ཟད་གྲོན་དང་། ཐཱན་འབུད་བྱེད་ཤུགས། སྦགས་བཙོག་ཉུང་གཏོང་བཅས་ཀྱི་དམིགས་ཚད་དེ་རྒྱལ་ཁབ་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།

    འཐུས་མི་རྣམ་པ། རྒྱང་ལམ་གསར་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་ཐུགས་ཁུར་གནང་བའི་བཀའ་དྲིན་རི་བོ་ལས་བརྗིད་རླབས་ཆེ་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་རོགས་རམ་ཆེན་པོ་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་བརྩེ་སེམས་མཚོ་ལས་ཟབ་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་སྟོབས་བརྩོན་བྱེད་པའི་སེམས་ཤུགས་རབ་ཏུ་འཕེལ་བ་བཅས་ཡོད། ང་ཚོས་མངགས་བཅོལ་སེམས་ལ་བརྟན་པོར་བཅངས་ཤིང་གོ་སྐབས་དམ་འཛིན་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “དུས་ལྔ་མཉམ་འཁེལ”གྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ། “མངོན་པ་གསུམ་དང་ཕན་ཡོད་གཅིག”ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས། ང་ཚོས་ཁྱོན་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་དང་། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཐོག བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས་ཉེན་བརྡ་རྒྱུན་དུ་གཏོང་བ་དང་རྟག་ཏུ་དོགས་ཟོན་ཆེར་སྐྱེད་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཏོག་གསར་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གནད་འཁེལ་བྱེད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ང་ཚོས་བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཞུགས་དང་། དམངས་འཚོ། ཁྲོམ་རའི་བྱེད་པོ་བཅས་གསུམ་འགན་སྲུང་བྱེད་རྒྱུ་མངོན་ཆེར་བཟུང་སྟེ་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག་དེ་བས་འབད་བརྩོན་ཆེར་སྐྱེད་ཀྱིས་ཡར་འཕེལ་ཡོང་བ་བྱེད་དགོས་པ་དང་། ཆོས་ཉིད་ལ་བརྩི་འཇོག་དང་། དོ་སྙོམས་ཡོང་བར་སྟངས་འཛིན། རྨང་གཞི་སྲ་བརྟན་དུ་གཏོང་བ། ལས་ཀ་ཏན་ཏིག་བྱེད་པ་བཅས་ཀྱིས་དཔལ་འབྱོར་སྤུས་ཚད་བརྟན་པོའི་ངང་ཡར་རྒྱས་འགྲོ་བ་དང་འབོར་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། ང་ཚོས་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་བློ་བརྟན་འགྱུར་མེད་ཐོག་ནས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཐོན་པ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་རྣམས་རེ་རེ་བྱས་ཏེ་དོན་ཐོག་ཏུ་འཁྱོལ་བ་དང་། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་རྣམས་རེ་རེ་བྱས་ཏེ་བྱ་སྤྱོད་ཐོག་ཏུ་འཁྱོལ་ཐུབ་པ། མི་སེར་གྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་རྣམས་གོམ་སྟབས་རེ་རེ་བྱས་ནས་མངོན་འགྱུར་ཐུབ་པ་བཅས་བྱེད་དགོས།

    གསུམ། 2022ལོའི་གཙོ་གནད་ལས་འགན།

    2022ལོར། ང་ཚོས“འཛུགས་གཏོད་བཞི”ལ་དམ་པོར་དམིགས་ཏེ་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གཤམ་གསལ་གྱི་ལས་དོན་ཁག་གཙོ་གནད་དུ་དམ་འཛིན་བྱེད་དགོས་པ་སྟེ།

    (གཅིག) གཙོ་གནད་འདེགས་སྐྱོར་བྱེད་རྒྱུ་དམ་འཛིན་བྱས་ནས་གོང་འཕེལ་གྱི་རྣམ་པ་གསར་པར་མཉམ་འདྲེས་བྱེད་མགྱོགས་སུ་གཏོང་རྒྱུ།

    ཁུལ་ཁོངས་ཀྱི་གོང་འཕེལ་ཁྱབ་བཀོད་ལ་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། ལྷ་སའི་འཕར་སྣེ་ལྟེ་བ་རྒྱ་སྟོབས་ཆེ་རུ་བཏང་ནས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོ་གོང་མཐོར་གཏོང་རྒྱུ། གཞིས་རྩེ་ནས་ཨ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་མདུན་ཕྱོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཉིང་ཁྲི་བསྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་དུ་འཛུགས་གཏོད་བྱེད་པ། ཆབ་མདོས་བོད་མཚོ་ཁྲོན་ཡུན་བཞི་སྦྲེལ་མཐུད་བྱེད་པའི་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་པ། ནག་ཆུ་དང་མངའ་རིས་ཀྱི་སྐྱེ་ཁམས་ནུས་འདུས་ཁུལ་གྱི་གནས་བབ་སྲ་བརྟན་དུ་གཏོང་བ་བཅས་བྱེད་རྒྱུ། “གཙང་གཉིས་ཆུ་བཞིའི”རོང་གཞུང་དཔལ་འབྱོར་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་བར་སྐུལ་སྤེལ་བཏང་སྟེ“གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”འཛུགས་སྐྲུན་བྱེད་རྒྱུ། རྫོང་ཁོངས་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་མཉམ་འདྲེས་བྱེད་རྒྱུ་དང་ཁུལ་ཁོངས་མཉམ་སྒུལ་བྱེད་པར་སྐུལ་འདེད་གཏོང་རྒྱུ།

    ལྕགས་ལམ་དཔལ་འབྱོར་ཁུལ་དར་རྒྱས་གོང་འཕེལ་གཏོང་རྒྱུ། འབྲེལ་ཚིགས་གྲོང་ཁྱེར་གྲོང་རྡལ་གྱི་ཟོག་འགྲུལ་དང་། མཛོད་ཉར། ཐོན་ལས་བཅས་ལེ་ལག་ཚང་སྒྲིག་བཟོས་ཐོག མཚོ་བོད་དང་། ལྷ་གཞིས། ལྷ་ཉིང་བཅས་ཀྱི་ལྕགས་ལམ་ལམ་རྒྱུད་གསར་སྤེལ་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པར་བསྟུན་ནས་གཙོ་གནད་རྫོང་གྲོང་དང་ལམ་རྒྱུད་གྲོང་རྡལ་ཆུང་གྲས་ཀྱི་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་འཁོར་རྒྱ་དང་འབྲེལ་མཐུད་བྱེད་པའི་བགྲོད་ལམ་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ།

    མཐའ་མཚམས་རྒྱུད་ཀྱི་གོང་འཕེལ་གཏོང་ཁུལ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ། མཐའ་མཚམས་ཀྱི་མུ་ཏིག་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་འགོ་བཙུགས་ཐོག སྤུ་ཧྲེང་གྲོང་རྡལ་དང་། ཤར་གསིང་མ་གྲོང་རྡལ། ལྷུན་རྩེ་གྲོང་རྡལ། སྨན་གླིང་གྲོང་རྡལ་སོགས་མཐའ་དར་དམངས་ཕྱུག་གི་ལྟེ་གནས་གྲོང་རྡལ་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། འགག་སྒོ་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་མཐའ་རྒྱུད་གོང་འཕེལ་གཏོང་བའི་ཆ་རྐྱེན་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་དང་། བདེ་འཁོད་ལས་བརྩོན། མཐའ་མཚམས་དར་རྒྱས་དང་སྲ་བརྟན་དུ་གཏོང་ཐུབ་པ་བཅས་བྱེད་རྒྱུ།

    (གཉིས) རྨང་རྩ་དང་གཙོ་རྟེན་དམ་འཛིན་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱོང་སྤེལ་བྱས་ནས་སྟོབས་ཆེར་གཏོང་རྒྱུ།

    ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། འབྲུ་རིགས་འགན་སྲུང་བརྟན་པོ་བྱེད་པ་དང་། འབྲོག་ལས་དར་རྒྱས་གཏོང་བ། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འཚོ་བཅུད་སྤུས་ཚད་ཚོད་སྐོར་དང་གདང་རིམ་དབྱེ་བ་ཕྱེ་ཐོག སྐྱེ་ལྡན་འབྱུང་འཕྲོད་རིགས་འབྱུང་རྩ་ནས་ཁས་ལེན་དཔང་འདོན་བྱེད་མགྱོགས་སུ་གཏོང་རྒྱུ། ཚད་གཞི་མཐོན་པོའི་སྒོ་ནས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་དར་ཁུལ་ཁག་གཅིག་བསྐྲུན་རྒྱུ་དང་། ཆ་རྐྱེན་འཛོམས་པའི་རྫོང་(ཆུད)ལ་ཁྱད་ལྡན་ཐོན་ལས་སྡེ་གླིང་1ནས་2བར་འཛུགས་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་ནང་འདྲེན་དང་སྐྱོང་སྤེལ་བྱེད་རྒྱུ། ཤ་རིགས་དང་དཀར་ཆུའི་ཐོན་འབོར་ཀྲོན་ཁྲི་87ཡན་ཟིན་པ་བྱེད་རྒྱུ་དང་། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་15%ཡན་འཕར་བ་བྱེད་རྒྱུ།

    དྭངས་གཙང་ནུས་རྒྱུའི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། འབྲི་ཆུའི་སྟོད་རྒྱུད་དང་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་ཆུ་རླུང་འོད་གསུམ་གསོག་པའི་ནུས་མང་གསབ་རེས་ཀྱི་རྟེན་གཞི་བསྐྲུན་རྒྱུ་དང་། ཡར་ཀླུང་གཙང་པོའི་ཆུ་གློག་སྣེ་འདྲེན་ལས་གྲྭའི་སྔོན་གྲབས་ལས་ཀ་གང་མགྱོགས་སྤེལ་རྒྱུ། སྟོང་ཝ་ཁྲི་བརྒྱ་རིམ་པའི་འོད་ཤུགས་རྟེན་གཞི་དང་ས་ཁད་མཐོ་སའི་རླུང་ནུས་གློག་གཏོང་བྱེད་པར་སྐུལ་སྤེལ་ཧུར་ཐག་བཏང་ཐོག “ནུས་རྒྱུ་གསར་པ་+ནུས་གསོག”ཚོད་ལྟའི་དཔེ་སྟོན་བྱེད་པར་རིམ་ལྡན་སྐུལ་སྤེལ་བཏང་ནས་བསྐྲུན་ཟིན་པ་དང་སྐྲུན་མུས་ཀྱི་གློག་འདོན་འཕྲུལ་ཤུགས་སྟོང་ཝ་ཁྲི་1600ཟིན་ཐུབ་པ་བྱེད་རྒྱུ།

    འབྱུང་འཕྲོད་བཟོ་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་ཐོན་ཁུངས་རྩད་ཞིབ་བྱས་ཏེ་གྲབ་ཡེར་གྱི་ཀྲོན་ཁྲིའི་གློག་རྫས་རིམ་པའི་ཐཱན་སྐྱུར་ལིས་རྣམ་གྲངས་སྐྲུན་འགོ་འཛུགས་རྒྱུ་དང་། ཟངས་གཏེར་ཐོན་འབྱེད་ཀྱི་ནུས་སྤུས་གཉིས་ལེགས་སུ་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ། ཨར་སྐྲུན་ལས་རིགས་དང་ཨར་སྐྲུན་རྒྱུ་ཆའི་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་གང་མགྱོགས་བྱས་ནས་འབྱུང་འཕྲོད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་ཁྲིད་སྟོན་བྱེད་རྒྱུ། རང་བྱུང་འཐུང་ཆུའི་ཐོན་འཚོང་བྱེད་འབོར་20%འཕར་བ་བྱེད་རྒྱུ། མི་རིགས་ལག་ཤེས་བཟོ་ལས་གོང་འཕེལ་འགྲོ་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། བོད་ལུགས་གསོ་རིག་སྨན་ལས་ཐོན་ལས་རྒྱ་སྐྱེད་གཏོང་བ་དང་སྤུས་འབྲས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་10%འཕར་བ་བྱེད་རྒྱུ།

    རིག་གནས་ཡུལ་སྐོར་གྱི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། “བོད་ཀྱི་དགུན་དུས་ཡུལ་སྐོར”དང་། “རིག་གཏོད་བོད་ལྗོངས”གྲགས་རྟགས་ཀྱི་བག་ཆགས་འཇོག་ཤུགས་ཆེ་རུ་བཏང་ནས་རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་14%ཡན་འཕར་བ་བྱེད་རྒྱུ། ཡུལ་སྐོར་ལམ་ཐིག་གི་ཁྱབ་བཀོད་ལེགས་སུ་བཏང་ནས་G219དང་G318ཀྱི་སྤུས་ལེགས་ལམ་ཐིག་གཏོད་རྒྱུ་དང་། རིག་གནས་ཡུལ་སྐོར་དེ་གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་བཏང་སྟེ་3Aརིམ་པ་ཡན་གྱི་གནས་ལྗོངས་ཁུལ་དུ་རིག་ནུས་ཡུལ་སྐོར་ཁྱབ་རྒྱ་50%ཡན་ཟིན་པ་བྱེད་རྒྱུ་དང་། སླར་ཡང་4Aརིམ་པའི་གནས་ལྗོངས་4དང་5Aརིམ་པའི་གནས་ལྗོངས་1མང་དུ་གཏོང་ཐུབ་པ་བྱས་ཏེ་ཡུལ་སྐོར་སྣེ་ལེན་ཞུ་བའི་མི་ཐེངས་དང་ཡོང་འབབ་ཁག་སོ་སོར་10%དང་13%ཡན་འཕར་བ་བྱེད་རྒྱུ། རིག་གནས་ཡུལ་སྐོར་གྱི་ཐོག་ནས་གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་མ་ལུས་མངོན་པར་བྱེད་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་རྣམ་པར་བཀྲ་བའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱེད་རྒྱུ།

    མཐོ་གསར་གྲངས་འཛིན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། “ཤར་གྲངས་ནུབ་རྩིས”ཀྱི་ཁྱབ་བཀོད་ནང་དུ་འདྲེས་ཞུགས་ཧུར་ཐག་བྱས་ཏེ་ལྷ་སའི་འབྱུང་འཕྲོད་གཞི་གྲངས་ལྟེ་གནས་ཚོ་འདུས་དང་ལྟེ་བའི་འབྲེལ་ཚིགས་གཏོད་རྒྱུ། བཟོ་ལས་ཀྱི་མཉམ་སྦྲེལ་དྲ་རྒྱའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་གང་མགྱོགས་བསྐྲུན་ནས་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ། ཟོག་འགྲུལ། གཏེར་ཁ་སོགས་ཀྱི་ཁྱབ་ཁོངས་སུ་5Gབཀོལ་སྤྱོད་དཔེ་སྟོན་15སྐྱོང་སྤེལ་བྱས་ཐོག གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་10%འཕར་བ་བྱས་ནས་བོད་ལྗོངས་ཀྱི“གྲངས་འཛིན་འཕོ་འགྱུར”མགྱོགས་སུ་གཏོང་རྒྱུ།

    མཐའ་མཚམས་ཚོང་དོན་ཟོག་འགྲུལ་གྱི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་2ཡན་བསྐྲུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་གཞི་གཅིག་ཅན་གྱི་དྲ་རྒྱ་བཟོ་རྒྱུ། མཐའ་མིའི་ཁྲོམ་རའི་ཉོ་ཚོང་ཁུལ་དང་། མཐའ་མཚམས་ཚོང་དོན་ཁྲོམ་ར། མཐའ་མཚམས་ཚོང་དོན་ས་ཚིགས་བཅས་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། མཐའ་མིའི་ཚོང་འབྲེལ་གྱི་ནང་འདྲེན་ཚོང་ཟོག་རང་སར་གནས་འབྱོར་བཟོ་སྣོན་བྱས་ཏེ་མཐའ་མཚམས་ཚོང་དོན་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་གཉིས་ཀ་འཕར་སྣོན་ཡོང་བ་བྱེད་རྒྱུ།

    དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཞིབ་འཇུག་གསར་སྤེལ་གྱི་ཇུས་འགོད་དང་། དངུལ་རྩའི་འགན་བཅོལ། ནུས་བསྲི་ཁོར་སྲུང་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་རྒྱུ་དང་། བདེ་ཐང་སྨན་བཅོས་དང་། རྒན་གསོ་བྱིས་སྐྱོང་། ཁྱིམ་ལས་སྡེ་ལས་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། རྣམ་གསར་འཛད་སྤྱོད་ཆེ་རིགས་སྐྱོང་སྤེལ་ཧུར་ཐག་བྱས་ཏེ“བོད་ལྗོངས་ཀྱི་བྲོ་བ་ལྡན་པའི”ཟས་ཞིམ་ཁྲོམ་གཞུང་གཏོད་པ་དང་། གུང་གསེང་དཔལ་འབྱོར་དང་མཚན་མོའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་10%ཡས་མས་འཕར་བ་བྱེད་རྒྱུ།

    (གསུམ)རྩ་ཆེའི་གོ་སྐབས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་རྒྱུ།

    སྣ་མང་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་རྒྱུ་དང་། མཚོ་བོད་ལྕགས་ལམ་གྱི་གོར་ལྷའི་དུམ་བུ་དང་ལྷ་གཞིས་དུམ་བུའི་གློག་རླངས་ཅན་གྱི་བསྒྱུར་བཀོད་གང་མགྱོགས་བྱེད་རྒྱུ། མཚོ་བོད་ལྕགས་ལམ་དང་ལེ་ལག་ཚང་སྒྲིག་བྱེད་པའི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་རྣམ་གྲངས་17ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། མཚོ་བོད་མྱུར་བགྲོད་ཚོད་ལྟའི་ལམ་དུམ་དང་G318བོད་ལྗོངས་དུམ་བུའི་ལམ་སྤུས་བསྒྱུར་བཀོད་བྱས་ནས་ལེགས་སུ་གཏོང་རྒྱུ། དེ་བཞིན་G219རྫ་ཡུལ་ནས་ལྗོངས་མཚམས་དབར་གྱི་ལམ་དུམ་གང་མགྱོགས་བསྐྲུན་རྒྱུ། ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་སོགས་གཙོ་གནད་རྣམ་གྲངས་14ལག་བསྟར་བྱེད་རྒྱུ། གོང་དཀར་གནམ་ཐང་གི་T1དང་T2གནམ་ཐང་འབབ་ཚུགས་བསྒྱུར་བཀོད་གང་མགྱོགས་བྱེད་རྒྱུ་དང་རྒྱུག་ལམ་གཉིས་པ་སྐྲུན་འགོ་འཛུགས་རྒྱུ། གཞིས་རྩེའི་ཞི་བདེ་གནམ་ཐང་རིམ་སྤོར་བསྒྱུར་བཀོད་བྱེད་རྒྱུ།

    ནུས་ཁུངས་མཁོ་འདོན་བྱེད་པའི་འགན་སྲུང་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། གོར་ལྷའི་སྣུམ་འདྲེན་མདོང་ལམ་བསྐྲུན་ནས་བེད་སྤྱོད་རྒྱུ་དང་། ཁྲོན་བོད་ལྕགས་ལམ་གྱི་གློག་འདོན་ལས་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་སྤེལ་མགྱོགས་སུ་གཏོང་རྒྱུ། ལྕེ་ཤོད་དང་གླིང་མདའི་ཆུ་གློག་རྣམ་གྲངས་དང་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་འོད་ཤུགས་རྟེན་གཞི་བསྐྲུན་འགོ་འཛུགས་རྒྱུ་དང་། སོལ་བ་ལུང་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་གཏོང་ཐུབ་པ་བྱེད་རྒྱུ། འབྲི་ཆུའི་སྟོད་རྒྱུད་ཀྱི་ཕྱིར་གཏོང་མཐོ་གནོན་ཆེ་ཤོས་ཀྱི་ཐད་རྒྱུག་གློག་ལམ་བཟོ་འགོ་འཛུགས་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་གྱི་གློག་དྲ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་སྤེལ་བཏང་སྟེ་གློག་ཤུགས་མ་ལག་གསར་པའི་དཔེ་སྟོན་ཁུལ་དང་གཙང་ཞིང་བསྐྱར་སྤྱོད་ཆོག་པའི་ནུས་ཁུངས་བེད་སྤྱོད་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་རྒྱུ།

    ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། རྫོང་ཐང་ཁ་དང་གསང་མདའ་སོགས་གཙོ་ཆེའི་ཆུ་བེད་ལས་གྲྭའི་སྔོན་གྲབས་ལས་དོན་ལ་སྐུལ་སྤེལ་གཏོང་བ་དང་། ཤངས་ཆུ་དང་། བྲག་རྩེ། ཕོད་མདོ་བཅས་ཀྱི་ཆུ་འདྲེན་ལས་གྲྭ་འཛུགས་སྐྲུན་བྱེད་པ། མ་ནག་ཞིང་ཆུ་འདྲེན་ཁུལ་དུ་ཆུ་བསྲིའི་ལེ་ལག་ཚང་སྒྲིག་དང་དེང་རབས་ཅན་དུ་བསྒྱུར་བཀོད་བྱེད་འགོ་འཛུགས་པ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་ལྷོ་ཁའི་མཚམས་དང་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་མཚམས་ཀྱི་ཆུ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་བྱེད་པ་བཅས་བྱས་ནས་དྭངས་གཙང་ཆུ་རྒྱུན་ལྷུང་ལྷུང་དུ་བཞུར་ཞིང་འབྱུང་འཕྲོད་གོང་འཕེལ་གཏོང་བའི་བར་སྟོང་ཞིག་གཏོད་རྒྱུ།

    གྲོང་སྲིད་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་འགྲོ་ལམ་དང་། ཆུ་འདོན་ཆུ་འབུད། རང་བྱུང་སོལ་རླངས་སྦུག་ལམ་སོགས་ཀྱི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་སྦུག་དྲ་ཡོངས་སུ་ཁེབས་ཐུབ་པ་བྱེད་རྒྱུ། མི་དམངས་མཁའ་ཟོན་བྱ་གཞག་གོང་འཕེལ་གཏོང་རྒྱུ། སྔོན་འགྲོ་འོས་འཚམ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྲིད་ཇུས་དང་འབྲེལ་མཐུད་བྱས་ནས་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་དང་མི་ཐབས་རིག་ནུས་སོགས་གཙོ་གནད་རྣམ་གྲངས་ཀྱི་སྔོན་གྲབས་རིགས་པས་ཁུངས་སྐྱེལ་དུས་ཐོག་ཏུ་བྱེད་རྒྱུ། གྲོང་ཁྱེར་གྱི་འགྲིམ་འགྲུལ་འཚང་ཁ་ཆེ་བ་དང་“རླངས་འཁོར་འཇོག་དཀའ་བའི”གནད་དོན་ཐབས་མང་མཉམ་སྤེལ་བྱས་ནས་ཐག་གཅོད་བྱེད་རྒྱུ།

    ང་ཚོས་རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་གོང་འཕེལ་ལ་དམ་འཛིན་བྱེད་པ་ཞིག་དང་དམངས་འཚོར་དམ་འཛིན་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ཐོག རྒྱལ་ཁབ་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”ནང་བོད་ལྗོངས་ཀྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་ཆེན་པོ་དམ་འཛིན་ཤུགས་ཆེ་བྱས་ཏེ་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ཏན་ཏན་ཏིག་ཏིག་སྤེལ་ནས་རྣམ་གྲངས་ཁག་གཅིག་གྲབས་གསོག་དང་། ཁག་གཅིག་བསྐྲུན་འགོ་འཛུགས་པ། ཁག་གཅིག་འཛུགས་སྐྲུན་བྱེད་པ། ཁག་གཅིག་བེད་སྤྱོད་གཏོང་འགོ་འཛུགས་པ་བཅས་བྱས་ཏེ་རྣམ་གྲངས་དེ་བས་མང་བ་གངས་ལྗོངས་ས་གཞི་ཆེན་མོའི་ཐོག་རྩ་བ་ཚུགས་ནས་འབྲས་བུ་སྨིན་ཐུབ་པ་དང་། ས་མཐོའི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་བྱེད་རྒྱུ།

    (བཞི)སྲ་བརྟན་གཏོང་རྒྱུ་དང་འབྲེལ་མཐུད་བྱེད་རྒྱུ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུ།

    དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ། དབུལ་ལོག་མི་ཡོང་བའི་འགྱུར་ལྡན་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་གཞི་རྒྱ་ལྡན་པའི་དབུལ་ལོག་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་རྒྱུ། དབུལ་སྐྱོར་ཐོན་ལས་ཀྱི་གདང་རིམ་སྤོར་བ་དང་། དབུལ་གྲོལ་མི་འབོར་ལ་འབབ་འཕར་ཡོང་བ། གྲོང་གསེབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་ལག་བསྟར་བྱེད་རྒྱུ། ནང་སྐྱེས་གོང་འཕེལ་གཏོང་བའི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྤོས་བྱས་པར་རྗེས་མཐུད་རོགས་སྐྱོར་གང་ལེགས་བྱས་ནས་གཞི་ཁྱོན་ལྡན་པའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་རེར་ཁྲོམ་རའི་ཕན་འབྲས་བཟང་བ་དང་སྣེ་ཁྲིད་ནུས་པ་ཆེ་བའི་ལེ་ལག་ཚང་སྒྲིག་གི་ཐོན་ལས་ཉུང་མཐར་ཡང་1ཡོད་པའི་འགན་ལེན་བྱས་ཏེ་མང་ཚོགས་རྣམས་བརྟན་གནས་ཐུབ་པ་དང་། ལས་ཞུགས་ཡོད་པ། མཉམ་འདྲེས་ཐུབ་པ། རིམ་བཞིན་ཕྱུག་འགྱུར་ཐུབ་པ་བཅས་བྱེད་རྒྱུ།

    ཞིང་འབྲོག་ལས་དེང་རབས་ཅན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ། “ཟ་འབྲུ”དང“ཤ་མར་ཚལ་གསུམ”སྲིད་འཛིན་འགོ་གཙོས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་100ཡན་ལ་བརྟན་གནས་ཐུབ་པའི་འགན་ལེན་བྱེད་རྒྱུའི་ཐོག འབྲུ་རིགས་བསྡུ་གསོག་དང་ནས་ཐོན་བརྟན་ཡོང་བའི་འགན་སྲུང་ཏན་ཏིག་བྱེད་རྒྱུ། ཞིང་བཟང་དང་། སོན་བཟང་། ཐབས་བཟང་བཅས་ཁྱབ་གདལ་བཏང་སྟེ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་75གསར་བཟོ་དང་། རྫོང་དང་ཤང་རིམ་པའི་ཞིང་འབྲོག་ལས་ཀྱི་གནོད་འགོག་གེགས་སེལ་གྱི་དངོས་ཟོག་གྲབས་མཛོད་62གསར་དུ་བསྐྲུན་རྒྱུ། ནས་ཀྱི་སོན་བཟང་མུའུ་ཁྲི་200ཡན་ཁྱབ་གདལ་གཏོང་བ་དང་པད་ཁ་སོགས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ནས་ཀྱི་སོན་བཟང་རྟེན་གཞི་དང་ཁྱད་ལྡན་ཕྱུགས་རིགས་རྒྱུད་བཟང་གསོ་སྤེལ་ར་བ་ཁག་གཅིག་འཛུགས་གཉེར་བྱེད་རྒྱུ། ཡུལ་བབ་དང་མཐུན་པའི་ས་ཁུལ་དུ་མི་བཟོས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་11ཡུག་འབྲེལ་འདེབས་འཛུགས་བྱེད་རྒྱུ། སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་མངག་གཉེར་དོ་དམ་ཚོད་ལྟ་བྱེད་རྒྱུ་དང་། འདེབས་འཛུགས་དྲོད་ཁང་རྙིང་གོག་རིགས་རིམ་སྤོར་བསྒྱུར་བཀོད་བྱེད་རྒྱུ། ཁྱིམ་ཚང་གི་ཞིང་འབྲོག་ར་སྐྱོང་སྤེལ་བྱེད་རྒྱུ་དང་། ཞིང་འབྲོག་པའི་ཆེད་གཉེར་མཉམ་ལས་རྩ་འཛུགས་སྟོབས་ཆེར་བཏང་སྟེ་འབྲུ་རིགས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་69%ཟིན་པ་དང་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་བྱས་ནས་ཕྱོགས་བསྡུས་དངོས་སྒྱུར་བྱེད་ཚད་25%ཟིན་པ་བྱེད་རྒྱུ།

    ཞིང་འབྲོག་ཁུལ་གྱི་རྣམ་པ་རྒྱུན་མཐུད་ནས་ལེགས་བཅོས་བྱེད་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་ཁག་96ལག་བསྟར་བྱས་ནས་ཤང་དང་གྲོང་རྡལ་95%དང་སྒྲིག་ཚུད་གྲོང་ཚོ་78%ལ་མཁྲེགས་ལམ་ཤར་གཏོང་ཐུབ་པ་བཟོ་རྒྱུ། ཡུལ་བབ་དང་མཐུན་པའི་སྒོ་ནས་ཞིང་འབྲོག་ཁུལ་གྱི་དུད་ཚང་གི་གསང་སྤྱོད་བསྒྱུར་བཀོད་བྱེད་པར་སྐུལ་སྤེལ་གཏོང་བ་དང་། འཚོ་བའི་གད་སྙིགས་གྲོང་ཚོས་བསྡུ་རུབ་དང་། ཤང་གིས་བརྒྱུད་འདྲེན། རྫོང་གིས་གཙང་སེལ་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། རྫོང་ཁོངས་ནང་གི་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་གཅིག་གྱུར་འཆར་འགོད་བྱས་ནས་མཛེས་སྡུག་གནས་འཕྲོད་ཐུབ་པའི་དཔེ་སྟོན་གྲོང་ཚོ་100བསྐྱར་དུ་བསྐྲུན་རྒྱུ་དང་གྲོང་ཚོ་100སྲ་བརྟན་མཐོར་འདེགས་བཏང་ཐོག “སྡོད་ཁང་གསར་པ་ཡོད་ཀྱང་གྲོང་ཚོ་གསར་པ་མེད་པ་དང་གྲོང་ཚོ་གསར་པ་ཡོད་ཀྱང་རྣམ་པ་གསར་པ་མེད་པའི”གནད་དོན་ཐག་གཅོད་ཤུགས་ཆེ་བྱེད་རྒྱུ། སྲོལ་རྒྱུན་གྲོང་སྡེ་དང་གྲོང་གསེབ་ཀྱི་ཁྱད་ལྡན་རྣམ་པ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་མི་ཁྲི་18ལ་ཆུ་འདོན་འགན་སྲུང་ལེགས་གཏོང་ལས་གྲྭ་གཉེར་ཐོག ས་བབ་མཐོ་བའི་ས་ཁུལ་དུ་དུས་ཚིགས་རང་བཞིན་གྱི་ཆུ་ཆད་འགྲོ་བའི་གནད་དོན་ཐག་གཅོད་ཤུགས་ཆེ་བྱེད་རྒྱུ། གྲངས་འཛིན་གྲོང་གསེབ་ཀྱི་ཚོད་ལྟ་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། “ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི”བྱ་སྤྱོད་སྤེལ་ཏེ་མང་ཚོགས་ཀྱིས་གཙང་སྦྲ་དང་། ཤེས་དཔལ། ཡར་ཐོན་བཅས་ལ་སྔར་ལས་ལྷག་པའི་སྒོ་ནས་སྣང་ཆེན་བྱེད་པར་ཁྲིད་སྟོན་བྱས་ཐོག དུས་རབས་དང་མཐུན་པའི་ཡུལ་སྲོལ་འཛུགས་སྐྱོང་དང་། ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན། བབ་ཆགས་པའི་དམངས་སྲོལ་དར་སྤེལ་གཏོང་བ་བཅས་བྱེད་རྒྱུ།

    (ལྔ)ནང་སྐྱེས་སྒུལ་ཤུགས་དམ་འཛིན་བྱས་ནས་བསྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་བྱེད་པར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ།

    ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ཤུགས་ཆེ་བྱེད་རྒྱུ། དཔལ་འབྱོར་གོང་འཕེལ་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཐོག “གློད་སྡོམ་ཞབས་གསུམ”གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས“སྲིད་དོན་ཞབས་ཞུ་དྲ་གཅིག་ཀུན་སྒྲུབ”དང“མཉམ་སྦྲེལ་དྲ་རྒྱ་+”ཐབས་རྣམ་ལ་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ་དང་། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”བསྒྱུར་བཅོས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ཀྱི“རིག་ནུས་ཞིབ་མཆན”གྱི་བསྒྱུར་བཅོས་ཁེབས་ཚད་རྒྱ་ཆེར་གཏོང་རྒྱུ། “ཞིང་ཆེན་ལས་བརྒལ་ནས་ཀུན་སྒྲུབ་ཐུབ་པ”དང“དོན་དག་གཅིག་ཐེངས་གཅིག་ལ་འགྲུབ་ཐུབ་པ”བྱས་ནས་ཞིབ་མཆན་དོན་གནད་ཉུང་ཤོས་དང་། ཞིབ་མཆན་དུས་ཚོད་ཐུང་ཤོས། ཞིབ་མཆན་ལས་ཕྱོད་ཆེ་ཤོས། ཞིབ་མཆན་ཞབས་ཞུ་ཡག་ཤོས་བཅས་བྱེད་ཐུབ་པའི་འབད་བརྩོན་བྱེད་རྒྱུ་དང་། ཁྲོམ་རའི་བྱེད་པོ་6.5%འཕར་བ་བྱེད་རྒྱུ། ཡིད་རྟོན་ཞབས་ཞུའི་ཁྲོམ་རའི་ལྟ་སྡོམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་ཡིད་རྟོན་སྲུང་བར་སྐུལ་ལྕག་དང་ཡིད་རྟོན་མེད་རིགས་ལ་བསླབ་སྡོམ་བྱེད་པའི་ལམ་སྲོལ་ཚགས་ཚུད་བཟོ་རྒྱུ། ཚོང་གཉེར་ཁོར་ཡུག་ལེགས་སྐྱོང་བྱེད་པའི་ལོའི་བྱ་སྤྱོད་ལག་བསྟར་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལ་ཞིབ་བསྡུར་བྱེད་རྒྱུར་ཤུགས་རྒྱག་རྒྱུ་དང་། དམིགས་བསལ་གནད་དོན་རིགས་རྩད་བཤེར་ཐག་གཅོད་ནན་པོ་བྱེད་རྒྱུ། ཁྲལ་རིན་གཉིས་གཅོག་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁེ་ལས་འབྲིང་ཆུང་གིས་ལྗོངས་ཕྱིར་བྲིན་འཚོང་བྱེད་པའི་བཟོ་སྣོན་ཁྱད་ལྡན་ཐོན་རྫས་རིགས་ལ་ཕྱོགས་རྐྱང་པའི་དབོར་གླའི་50%ཡི་ཁ་གསབ་སྤྲོད་རྒྱུ། “ཆད་དངུལ་གཙང་སྤྲོད་གཉིས”དང་ངལ་རྩོལ་གླ་ཕོགས་ཀྱི་རྩོད་གཞི་འདུམ་སེལ་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ། སྲིད་གཞུང་གིས་ཉོ་སྒྲུབ་རྗེས་མཐུད་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། “ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ”བྱེད་སྒོ་སྤེལ་ནས་འགུགས་འདྲེན་གྱི་གཞི་ཁྱོན་དང་ཕན་འབྲས་གཉིས་ཀ་ཆེ་རུ་འགྲོ་བ་བྱེད་རྒྱུ།

    ཁྱབ་ཁོངས་གཙོ་གནད་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་སྤེལ་བའི་ལས་འགན་ལེགས་སྒྲུབ་བྱས་ཐོག གཞུང་ཁོངས་མ་རྩའི་གྲུབ་ཆ་དང་ཁྱབ་བཀོད་ལེགས་སུ་བཏང་ནས་སྤྱི་ཡོངས་ཀྱི་ལས་གཉེར་ཡོང་འབབ་དང་ཁེ་སྤོགས་ཀྱི་སྤྱི་འབོར་གཉིས་ཀ་10%འཕར་བའི་འགན་ལེན་བྱེད་རྒྱུ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བའི་ཚོགས་ཆེན་ཡག་པོ་འཚོག་རྒྱུའི་གྲ་སྒྲིག་བྱེད་པ་དང་། སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་དྲང་གཞག་འགྲན་རྩོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། མཁོ་འཚོང་མཉམ་ལས་ཁང་དང་གྲོང་གསེབ་ཀྱི་འགན་གཙང་ས་ཆའི“དབང་གསུམ་ལོགས་འཛུགས”ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་བསྒྱུར་བཅོས་ཀྱི་མཇུག་འཕྲོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། གཞུང་ཁོངས་དངུལ་རྩའི་མ་རྩ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གོ་རིམ་ལྡན་པའི་སྒོ་ནས་སྲིད་གཞུང་གི་མངོན་མེད་བུན་ཉེན་སེལ་རྒྱུ།

    ཕྱི་ནང་གཉིས་ལ་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ནས་ཆེ་རུ་གཏོང་རྒྱུ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ། “ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་ཁྱབ་གདལ་ཤུགས་ཆེར་གཏོང་རྒྱུ། མངག་ཐོའི་རྣམ་པའི་ཐོན་ལས་ཀྱི་བོད་སྐྱོར་བྱེད་རྒྱུ། སྟོབས་ཤུགས་གཅིག་སྡུད་ཐོག་ཐོན་ལས་གླིང་ཁུལ་ཁག་གཅིག་བཟོས་ཏེ་ལེགས་སྒྱུར་རིམ་སྤོར་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་། སྐྱིད་རོང་གི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དང་། ལྷ་སའི་མཁའ་འགྲུལ་འགག་སྒོ་དང་འགྲམ་འགག་སྒོའི་དངོས་ཟོག་འགྲོ་རྒྱུག་བྱེད་ནུས་ཆེ་རུ་གཏོང་རྒྱུ། “རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ནེ་པ་ལ་སོགས་མཐའ་འཁོར་རྒྱལ་ཁབ་དབར་ཁྱིམ་མཚེས་མཛའ་མཐུན་ཟབ་ཏུ་གཏོང་རྒྱུ། དངོས་གཉེར་སྒོ་དབྱེ་དང་མཉམ་ལས་གཉིས་ཕན་གྱི“བོད་ལྗོངས་འགྲེམས་ཚོགས”ཤིག་གཉེར་རྒྱུ།

    གསར་གཏོད་ཀྱིས་འདེད་སྐུལ་བྱེད་པའི་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ། ལྷ་ས་དང་ཉིང་ཁྲིས་ལྟེ་བ་བྱས་པའི་ལྗོངས་ཡོངས་ལ་སྐུལ་ཁྲིད་དང་ཁྱབ་འགྱེད་ཐུབ་པའི་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུ། མདུན་སྣེའི་ལག་རྩལ་དང་ས་མཐོར་སྤྱོད་འཐུས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལྷ་སའི་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་བསྐྲུན་ཏེ་ཚན་རྩལ་འབྲས་བུ་དངོས་སྒྱུར་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱལ་ཁབ་ལག་རྩལ་སྤོ་སྒྱུར་བོད་ལྗོངས་ལྟེ་གནས་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། ས་ཡོམ་དང་། གནམ་གཤིས། ས་གཤིས་རྩད་ཞིབ་བཅས་ཐད་ལ་ཚན་རྩལ་ནུས་པ་འདོན་སྤེལ་བྱས་ནས་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚན་རྩལ་ཁྱབ་གདལ་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་ཡག་པོ་བཅས་བྱེད་རྒྱུ། སྤུས་ཚད་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱས་ནས་ཤེས་བྱའི་བདག་དབང་གསར་གཏོད་དང་། སྲུང་སྐྱོབ། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་དུ་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ལྗོངས་རིམ་པའི་གསར་གཏོད་གཉིས་ཀྱི་རྟེན་གཞི་40བསྐྲུན་རྒྱུ་དང་མཐོ་གསར་ལག་རྩལ་ཁེ་ལས་110ཟིན་པའི་བརྩོན་ལེན་བྱེད་རྒྱུ། “ཤེས་ལྡན་པའི་རྟ་མཆོག”དེ་བས་མང་བ་ས་མཐོའི་ཐོག་བང་རྩལ་འགྲན་ཏེ་གསར་གཏོད་ཀྱི“མྱུར་ཚད”ལ་སྐུལ་ལྕག་ཇེ་ཆེར་གཏོང་ཐུབ་པ་བྱེད་རྒྱུ།

    (དྲུག)འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དམ་འཛིན་བྱས་ཏེ་དམངས་འཚོའི་ལས་གཞི་ཆེན་པོ་བཅུ་ལག་བསྟར་གཏིང་ཟབ་བྱེད་རྒྱུ།

    ལས་ཞུགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ། “N+3”གྱི་ལས་གནས་འོས་སྦྱོར་བྱེད་སྟངས་གཏིང་ཟབ་ཏུ་བཏང་ནས་ལོ་འདིའི་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་5000ཙམ་ཁེ་ལས་ནང་ལས་ཞུགས་ཐུབ་པའི་འཆར་གཞི་ལག་བསྟར་བྱེད་རྒྱུ་དང་། ལྗོངས་ཕྱིར“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བྱེད་པར་སྐུལ་སྤེལ་བཏང་ནས་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་10%ཡན་དང་སྤྱི་ཡོངས་ལས་ཞུགས་ཐུབ་ཚད་95%ཡན་འགན་ལེན་ཐུབ་པ་བྱེད་རྒྱུ། ལག་རྩལ་བྱང་ཆུབ་པ་བཟོ་བའི་ལག་རྩལ་པ་500ལ་སྦྱོང་བརྡར་སྤྲོས་རྒྱུ་དང་། ཞིང་འབྲོག་མང་ཚོགས་མི་ཁྲི་10ལ་རྩལ་ནུས་སྦྱོང་བརྡར་སྤྲོས་ཐུབ་པ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་མི་ཁྲི་60ཡན་ཁ་སྒྱུར་ལས་ཞུགས་ཐུབ་པ་དང་མི་ཁྲི་36ངལ་ནུས་སྒྲིག་འཛུགས་ཀྱིས་ཕྱིར་གཏོང་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་50ཡན་ཟིན་པ་བྱེད་རྒྱུ།

    མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ཡག་པོ་ཞིག་གཉེར་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སློབ་གྲྭ་100གསར་གཏོད་བྱེད་རྒྱུ་དང་། སློབ་ཞུགས་མ་བྱས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། རྫོང་ཁོངས་ཀྱི་འགན་བབས་སློབ་གསོའི་སྤུས་ལེགས་དོ་མཉམ་གསར་གཏོད་བྱེད་པའི་ལས་དོན་སྤེལ་འགོ་བཙུགས་ནས“ཡང་གཏོང་གཉིས”ཀྱི་ལས་དོན་གཏིང་ཟབ་སྤེལ་རྒྱུ། ལས་རིགས་སློབ་གསོའི་སྤུས་ལེགས་བཟང་སྐྱོང་འཆར་གཞིར་སྐུལ་སྤེལ་གཏོང་རྒྱུ། བོད་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་བྱ་སྤྱོད་སྤེལ་རྒྱུ། ལོ་15ཡི་གཞུང་གྲོན་སློབ་གསོ་དོན་འཁྱོལ་ཡག་པོ་བྱས་ཏེ་སློབ་མར་སློབ་སྐྱོར་རོགས་རམ་བྱེད་པའི་སྲིད་ཇུས་བརྟན་པོ་ཡོང་བ་བྱེད་རྒྱུ་དང་། སློབ་གསོའི“འགན་ལེན་གསུམ”གྱི་མི་རེར་ཆ་སྙོམས་འགྲོ་གྲོན་ཚད་གཞི་སླར་ཡང་སྒོར་240མང་དུ་གཏོང་རྒྱུ།

    འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ། “སྨན་འབྲེལ་གསུམ”བསྒྱུར་བཅོས་གཏིང་ཟབ་བྱས་ནས་སྨན་བཅོས་གཅིག་མཐུན་ཚོགས་པ་ཡག་པོ་འཛུགས་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དེ་ཞིང་ཆེན་རིམ་པ་ནས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་སྤེལ་བཏང་སྟེ་དམིགས་བསལ་ཚབས་ཆེའི་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་སྲིད་ཇུས་ཚགས་ཚུད་དུ་གཏོང་རྒྱུ། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་རིན་མཉམ་འདོན་འགན་སྲུང་བྱེད་རྒྱུ། རྒྱལ་ཁབ་ཀྱི་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་གསར་འཛུགས་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་སྨན་ཁང་བསྐྲུན་ཟིན་པ་བྱས་ཐོག གཞུང་བཙུགས་སྨན་ཁང་དེ་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རྒྱ་སྐྱེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་བྱེད་རྒྱུ་མི་ཚོགས་ཡོངས་ལ་ཁེབས་ཐུབ་པ་བྱེད་རྒྱུ། བུད་མེད་ཀྱི“སྐྲན་ནད་གཉིས”བརྟག་བཤེར་སྨན་བཅོས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དང་། ལོ་13ནས་ལོ་14བར་གྱི་སློབ་སྡོད་སློབ་མ་བུ་མོར་HPVརིམས་འགོག་སྨན་ཁབ་རྒྱག་རྒྱུ། ལོ་60ཡན་གྱི་རྒན་འཁོགས་དང་སློབ་གྲྭ་འབྲིང་ཆུང་གི་སློབ་སྡོད་སློབ་མར་རང་མོས་ཐོག་རིན་མེད་ཆམ་རིམས་ཀྱི་འགོག་ཁབ་རྒྱག་རྒྱུ། ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ཏེ་སྨན་ཁབ་རྒྱག་མཁན་ཚང་མར་སྨན་ཁབ་ཐེངས་གསུམ་པ་བརྒྱབ་ཚར་བ་བྱས་ནས་ནད་འགོག་ནུས་པ་ཆེ་རུ་གཏོང་རྒྱུ། བོད་ལུགས་གསོ་རིག་སྨན་ལས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ། བདེ་ཐང་ཇ་ཁྱབ་གདལ་གཏོང་རྒྱུ་དང་། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྡོམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོབ་ཏན་ཏིག་བྱེད་རྒྱུ།

    རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། རིག་གནས་ཀྱིས“མཐའ་གསོས”བྱེད་པར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ་དང་། རིག་གནས་དམངས་ཕན་གྱི་བརྒྱ་སྟོང་ཁྲིའི་བྱ་སྤྱོད་ལག་བསྟར་བྱེད་རྒྱུ། རིག་གནས་བྱ་དགའ་བཟོ་བ་དང་སྒྱུ་རྩལ་དུས་ཆེན་གཉེར་ནས་རིག་རྩལ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཁུལ་དུ་ཐད་གཏོང་སྲུང་སྐར་གྱི་རླུང་འཕྲིན་བརྙན་འཕྲིན་རབས་གསར་ཐེམ་དུད་ཚང་མར་ཁྱབ་ཐུབ་པར་སྐུལ་འདེད་གཏོང་རྒྱུ། རིག་དངོས་གནའ་དཔེ་སྲུང་སྐྱོབ་དང་། ཞིབ་འཇུག བཀོལ་སྤྱོད་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། མངོན་མིན་ཤུལ་བཞག་རྒྱུན་འཛིན་གོང་འཕེལ་གཏོང་བ་དང་རེ་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ལུས་རྩལ་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ལུས་རྩལ་ཐང(ཁང)སྤྱི་ཚོགས་ལ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་ཡག་པོ་གཉེར་རྒྱུ།

    བདེ་སྡོད་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ས་ཁང་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་ཐོག ཡུན་རིང་བོགས་གཏོང་ཁང་པའི་ཁྲོམ་ར་འཛུགས་སྐྱོང་གང་མགྱོགས་བྱས་ནས་མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་སྐོང་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་ཆུང་གྲས་དང་རྙིང་པ་31དང་སྡོད་ཁང་སྐྱོ་ཁུལ་ཐེམ་དུད་5500བསྒྱུར་བཀོད་བྱེད་རྒྱུ་དང་། སྤྱི་པའི་བོགས་གཏོང་ཁང་པ་1728དང་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་852འཛུགས་སྐྲུན་བྱེད་རྒྱུ། མཚོ་རྩིས་མཐོ་ཚད་སྨི་4000ཡན་གྱི་རྫོང་གྲོང་ཁག་5ལ་གཅིག་སྡུད་དྲོད་གཏོང་ལས་གྲྭ་ལག་བསྟར་བྱེད་རྒྱུ། སློབ་གྲྭ་ཁག་78དང་ཁུལ་ཁོངས་ཀྱི་ལྟེ་བའི་སྨན་ཁང་13ལ་དྲོད་གཏོང་ཐུབ་པ་བྱེད་རྒྱུ། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ཚ་ཁྲི་ཁྱབ་གདལ་གཏོང་བའི་ཚོད་ལྟ་བྱེད་རྒྱུ།

    རྒན་སྐྱོར་གཞོན་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁྱིམ་སྡོད་ཀྱིས་རྨང་གཞི་དང་། སྡེ་ཁུལ་གྱིས་རྒྱབ་རྟེན། ལས་ཁུངས་ཀྱིས་ཁ་གསབ་བཅས་བྱེད་པའི་བང་རིམ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་བཙུགས་ཐོག ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་སླར་ཡང་སྒོར་200མང་དུ་གཏོང་རྒྱུ། “ཕྲུ་གུ་གསུམ”སྐྱེ་བར་སྐུལ་ལྕག་བྱེད་པའི་སྲིད་ཇུས་བྱ་ཐབས་འཐུས་ཚང་བཟོས་ཏེ་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་ཞབས་ཞུ་སྒྲུབ་པར་སྐུལ་སྤེལ་གཏོང་རྒྱུ་དང་། ནར་མ་སོན་པའི་མིར་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་རྒྱུ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་རྒྱུ།

    རོགས་སྐྱོར་རོགས་སྐྱོབ་བྱེད་ལམ་འཐུས་ཚང་བཟོ་རྒྱུ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་བུད་མེད་དང་བྱིས་པའི་གོང་འཕེལ་རྩ་གནད་དོན་འཁྱོལ་བྱེད་རྒྱུ་དང་། རོགས་སྐྱོར་རོགས་སྐྱོབ་དང་། སྤྱི་ཚོགས་ཚོགས་པ། འཕྲོད་སྦྱོར་ལུས་གསོ། དགེ་སྒྲུབ་ཀྱི་བྱ་གཞག་བཅས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རིན་གོང་ཐད་ཀྱི་གནས་སྐབས་ཁ་གསབ་སྤྲོད་རྒྱུ། ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་དང་དང་བླངས་པའི་ཞབས་ཞུར་སྐུལ་འདེད་གཏོང་རྒྱུ། དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་མ་ལག་ཆ་ཚང་པོ་བཟོ་རྒྱུ།

    བདེ་འཇགས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དམིགས་བཅོས་སྒྲིག་བྱེད་པའི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་ནས་གནོད་འགོག་དང་། གེགས་སེལ། རྒུད་སྐྱོབ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ“བློ་རིག་འཕྲལ་སྡོམ”འཛུགས་པར་སྐུལ་སྤེལ་གཏོང་རྒྱུ་དང་། ནུས་ཤུགས་ཡོད་རྒུས“འཕྲལ་སྡོམ་ཆེན་པོ་དང་གནོད་འཚེའི་རིགས་མང་པོར”སྔོན་འགོག་དང་རོགས་སྐྱོབ་ཡག་པོ་བྱས་ཐོག གཞུང་ལམ་བདེ་འཇགས་འགོག་སྲུང་སྒྲིག་ཆས་དང་ཉེན་ཟོན་དྲན་སྐུལ་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་དམིགས་བསལ་ཚབས་ཆེའི་དོན་རྐྱེན་རིགས་ནན་འགོག་བྱེད་རྒྱུ།

    དམངས་འཚོའི་མཐའ་ཚད་སྲུང་སྐྱོང་བརྟན་པོ་བྱེད་རྒྱུ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཀྱི་འགན་བཅོལ་ཚོད་ལྟ་ལག་བསྟར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་མི་རེར་ཆ་སྙོམས་སྒོར་30མང་དུ་གཏོང་རྒྱུ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་མི་རེར་ཆ་སྙོམས་སྒོར་5མང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་མི་རེར་ཆ་སྙོམས་སྒོར་10མང་དུ་གཏོང་རྒྱུ། ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་གྲོང་ཁྱེར་དང་གྲོང་རྡལ་ལ་ལོ་རེར་མི་རེར་ཆ་སྙོམས་སྒོར་200དང་གྲོང་གསེབ་ལ་ལོ་རེར་མི་རེར་ཆ་སྙོམས་སྒོར་100མང་དུ་གཏོང་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་ཀྱི་བསྙེན་བཀུར་ཚད་གཞི་དེ་གྲོང་གསེབ་ཏུ་ཁ་ཐོར་བསྙེན་བཀུར་བྱེད་པའི་མི་སྣར་ལོ་རེར་མི་རེར་ཆ་སྙོམས་སྒོར་150མང་དུ་གཏོང་རྒྱུ་དང་། གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་དུ་ཁ་ཐོར་བསྙེན་བཀུར་བྱེད་པའི་མི་སྣར་ལོ་རེར་མི་རེར་ཆ་སྙོམས་སྒོར་260མང་དུ་གཏོང་རྒྱུ།

    དམངས་འཚོ་དོན་ཆུང་མིན་པས་ནམ་ཡང་དོ་ཁུར་བྱེད་དགོས། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པར་ལོ་ལྔའི་འཆར་གཞི་བཟོས་ཐོག་ལོ་དུས་དབྱེ་ནས་ལག་བསྟར་བྱེད་དགོས་པ་དང་། གོམ་ཆུང་མྱུར་བགྲོད་ཀྱིས་བརྟན་ཐོག་སྐུལ་སྤེལ་བཏང་སྟེ་དོན་དག་རེ་རེ་བྱས་ནས་སྒྲུབ་པ་དང་། ལོ་དང་ལོ་བསྟུད་ནས་ལས་ཀ་བྱས་ཏེ་མང་ཚོགས་ཚོར་འགྱུར་ལྡོག་མཐོང་ཐུབ་པ་དང་ཁེ་ཕན་ཐོབ་ཐུབ་པ་བྱེད་རྒྱུ།

    (བདུན) གཙོ་ཆེའི་འགན་འཁྲི་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཤུགས་རྒྱག་རྒྱུ།

    འབྱུང་འཕྲོད་ཐཱན་ཉུང་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡང་གསེར་དངུལ་རི་ལས་ལྷག་པ་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ཏེ་སྐྱེ་ཁམས་ཤེས་དཔལ་ལྡན་པའི་དཔེ་སྟོན་འཛུགས་གཏོད་གཏིང་ཟབ་བྱེད་རྒྱུ། “བརྟག་ཞིབ་གསུམ”གྱི་གྲུབ་འབྲས་གང་ལེགས་སྤྱད་ནས་རྒྱལ་ཁོངས་ས་ཆའི་བར་སྟོང་འཆར་འགོད་དང་སྤྱོད་སྒོར་ལྟ་སྡོམ་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ཐོན་ཁུངས་བེད་སྤྱོད་པར་འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས“ཟད་གྲོན་ཆེ་བ་གཉིས”ཀྱི་རྣམ་གྲངས་ཚོད་འཛིན་ནན་པོ་བྱེད་རྒྱུ། ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་སྡོང་འཆར་འགོད་བྱས་ནས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། སྐྱེ་ཁམས་ཀྱི་རིན་ཐང་མཐིལ་རྟོགས་བརྟག་ཞིབ་བྱེད་རྒྱུ་དང་། ཐཱན་བསྡུའི་དཔལ་འབྱོར་གོང་འཕེལ་བཏང་སྟེ་སྐྱེ་ཁམས་ལ་བརྟེན་ནས་དམངས་རྣམས་ཕྱུག་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཐོན་སྐྱེད་གོང་དུ་འཕེལ་བ་དང་། འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་བཟང་པོ་ཡིན་པ་བཅས་ཀྱི་ས་མཐོའི་འབྱུང་འཕྲོད་གོང་འཕེལ་གཏོང་ལམ་ཐོག་ཧུར་ཐག་བསྐྱོད་ཐུབ་པ་བྱེད་རྒྱུ།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བྱེད་རྒྱུ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་ཁུལ་འཛུགས་སྐྲུན་དང་དོ་དམ་ཡག་པོ་བྱེད་རྒྱུ། བྱང་ཐང་དང་། ཇོ་རི། སྒལ་ལ་གངས་རི་བོ(བོད་ལྗོངས་ཁུལ་ཁོངས)སོགས་རྒྱལ་ཁབ་སྤྱི་གླིང་དུ་འཛུགས་སྐྲུན་རེ་ཞུ་བྱེད་མགྱོགས་སུ་གཏོང་རྒྱུ་དང་། འཛམ་གླིང་རང་བྱུང་རིག་གནས་ཤུལ་བཞག་ཁག་གཉིས་རེ་ཞུ་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ལྷ་སའི་ལྷོ་རི་དང་བྱང་རིར་གཞི་ཁྱོན་ཆེ་བའི་སྔོ་སྒྱུར་ལས་གཞི་གཉེར་འགོ་འཛུགས་པ་དང་། “གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་དང་གྲོང་གསེབ་ཀྱི“འགྲམ་བཞིའི”ཤིང་འཛུགས་བྱ་སྤྱོད་རྒྱུན་མཐུད་སྤེལ་ཏེ་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་112ལེགས་འགྲུབ་ཐུབ་པ་བཅས་བྱས་ཏེ་གངས་ལྗོངས་ས་མཐོ་སྔོ་ལྗང་ཅན་དང་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་རྒྱུ།

    ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་གཏིང་ཟབ་ཡག་པོ་སྤེལ་ཏེ་མཁའ་རླུང་སྤུས་ཚད་བཟང་འཁྱོངས་བྱ་སྤྱོད་ལག་བསྟར་ཤུགས་ཆེ་བྱེད་རྒྱུ་དང་། གཙང་ཆུ་དང་མཚེའུ་ཡི“བཙོག་ཟིང་བཞི་གཙང་སེལ”བྱེད་རྒྱུ་རྒྱུན་རྣམ་ཅན་དང་ཚད་ལྡན་དུ་འགྱུར་བར་སྐུལ་སྤེལ་བཏང་སྟེ་གཙང་ཆུའི་ཆུ་འགོ་སྲུང་སྐྱོབ་ཤུགས་ཆེ་བྱེད་རྒྱུ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལ་གཞོགས་འདེགས་ཧུར་ཐག་བྱས་ཐོག རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐད་འགོ་ཁྲིད་ལས་བྱེད་པར་ལས་བྲལ(ལས་ཐོག)སྐབས་ཀྱི་རྩིས་བཤེར་གཏིང་ཟབ་བྱེད་རྒྱུ། རང་བྱུང་ཆུ་བོ་ཚང་མའི་སྤུས་ཚད་རིགས་Шཔའི་ཚད་གཞི་ལས་ཡག་པ་ཡོང་བའི་འགན་ལེན་བྱེད་རྒྱུ་དང་ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་འཁྱོངས་ཐུབ་པའི་ཉིན་གྲངས་བསྡུར་ཚད་99%ཡན་ཟིན་པ་བྱེད་རྒྱུ།

    (བརྒྱད) ས་ཁོངས་སྲུང་བའི་འགན་འཁྲི་འཁུར་རྒྱུར་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་སྤེལ་བའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཤུགས་རྒྱག་རྒྱུ།

    རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། གཞུང་ལམ་རྣམ་གྲངས་ཀྱི་གཙོ་རྐང་ལས་གྲྭ་12ལེགས་འགྲུབ་ཟིན་པ་བྱེད་རྒྱུ་དང་གྲོང་ཚོ་36ལ་མཁྲེགས་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་ཐིག་ལེན་ཇུས་འགོད་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་འཕྲིན་གཏོང་དྲ་རྒྱ་གང་མགྱོགས་ཡོངས་སུ་ཁེབས་པ་བྱེད་རྒྱུ། བློ་རིག་མཐའ་སྲུང་འཛུགས་གཏོད་བྱས་ཏེ་བློ་རིག་རླུང་འཕྲིན་བརྙན་འཕྲིན་ཐོག་ནས་མཐའ་མཚམས་སྲ་བརྟན་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། གློག་དྲའི་ཁུག་གསང་མ་ལུས་པར་སྔར་བས་ཡོངས་སུ་ཁེབས་པར་བྱས་ཐོག ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ནས་ལེགས་སུ་གཏོང་རྒྱུ་དང་། མཚོ་རྩིས་སྨི་3500ཡན་གྱི་རྫོང་གྲོང་དང་ཤང་གྲོང་རྡལ་བཅས་ལ་གསོ་རླུང་མཁོ་འདོན་ལས་གྲྭ་ཡག་པོ་གཉེར་རྒྱུ།

    མཐའ་བརྟན་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར་བསྐྲུན་ཏེ་ཐོན་ལས་གོང་འཕེལ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། སྤྱི་པའི་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ། མཐའ་མཚམས་ཉོ་ཚོང་དང་། ཡུལ་སྐོར། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་སོགས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་། མཐའ་མཚམས་སུ་མང་ཚོགས་ལས་གཏོད་ལས་ཞུགས་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་དར་རྒྱས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་རྒྱུ། མཐའ་མཚམས་རྫོང་ལ་དམིགས་འཛུགས་རོགས་སྐྱོར་བྱེད་རྒྱུར་སྐུལ་སྤེལ་སྔར་ལས་ལྷག་པ་གཏོང་རྒྱུ་དང་། མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་མི་སེར་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་འགྱུར་ལྡན་ངང་མཐོ་རུ་གཏོང་རྒྱུ། བརྟན་ཞིང་སྤུས་ལེགས་ངང་ས་ཁད་མཐོ་བའི་སྐྱེ་ཁམས་སྲུང་བའི་གནས་སྤོས་ཡག་པོ་བྱེད་རྒྱུ། མཉམ་འགོག་མཉམ་འཛིན་བྱེད་རྒྱུར་རྒྱུན་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ་བླ་ན་མེད་པའི་རྒྱལ་ཁོངས་བརྟན་སྲུང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ།

    (དགུ) རྒྱབ་སྐྱོར་དང་འགན་སྲུང་བྱེད་རྒྱུ་དམ་འཛིན་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

    བརྟན་ལྷིང་མཐུན་སྒྲིལ་ནི་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྔོན་འགྲོ་དང་རྩ་བ་ཡིན་པས་ང་ཚོས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལྗོངས་ཡོངས་ཀྱི་གོང་འཕེལ་གཏོང་བའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཆ་ཚང་ལ་ཁྱབ་ཐུབ་པ་བྱེད་རྒྱུ།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གླེང་སྟེགས་ཡག་པོ་གཉེར་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་གསར་རྩོམ་བྱེད་རྒྱུ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་གཏོང་བ་དང་། རྩོམ་སྒྱུར་དང་། ལོ་རྒྱུས་རྣམ་བཤད། ཡིག་ཚགས། རིག་དངོས་རྟེན་མཛོད་བཅས་ཀྱི་བྱ་གཞག་ཁག་ལ་གོང་འཕེལ་གསར་པ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་བེད་སྤྱོད་ཡག་པོ་བྱེད་རྒྱུ། མི་རིགས་བྱ་བར་ཁྲིམས་ལྟར་བཅོས་སྐྱོང་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་གཏིང་ཟབ་བྱས་ཏེ་ང་ཚོ་མཉམ་དུ་མ་འོངས་པར་ཁ་ཕྱོགས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་རྒྱུ།

    ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་རྒྱུ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“ཕན་ཡོད་ལྔ”དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། དགོན་སྡེའི་དོ་དམ་གྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཐུས་ཚང་བཟོས་ཐོག “ཚད་གཞི་བཞིར་བརྩི་སྲུང་ཞུ་བའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བར་སྐུལ་སྤེལ་གཏོང་རྒྱུ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱལ་གཅེས་ཁྲིམས་སྲུང་དང་། བློ་ཁ་གཅིག་མཐུན། དུས་རབས་དང་འཚམ་པ་བཅས་མངོན་ཆེར་བཟུང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་དང་ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ།

    དུས་བདེའི་བོད་ལྗོངས་འཛུགས་སྐྱོང་གཏིང་ཟབ་བྱེད་རྒྱུ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་དམ་བསྒྲགས་ནན་རྡུང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཉེན་ཟོན་དབྱེ་ཞིབ་ཀྱིས་སྔོན་བརྡ་གཏོང་བ་དང་ཉམས་ཉེན་ལྟ་སྡོམ་བྱེད་པའི་ལམ་སྲོལ་དང་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ཅན་དང་རིག་ནུས་ཅན་གྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་ལྟ་སྡོམ་མ་ལག་འཛུགས་པར་སྐུལ་སྤེལ་གཏོང་རྒྱུ། ནག་སེལ་གཤེད་འཇོམས་སོགས་ཆེད་དམིགས་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྤྱི་ཡོངས་ཀྱི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་པར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཟོན་ཚོད་སྐོར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང་”མཐའ་འཁྱོངས་བྱེད་པ་དང་གོང་འཕེལ་བཏང་སྟེ་འགལ་བ་དང་རྩོད་རྙོག་ལེབ་བཤེར་འདུམ་སེལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཡིག་འབུལ་ཞུ་བཅར་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་ཏེ་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་དྲང་བཞག་བདེན་སྐྱོང་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    འཐུས་མི་རྣམ་པ། དམག་གིས་དམངས་ལ་དགའ་ཞེན་དང་། དམངས་ཀྱིས་དམག་ལ་བཀུར་ཏེ་དམག་དམངས་མཐུན་སྒྲིལ་བྱས་ནས་ཁྱིམ་ཚང་གཅིག་ལྟར་བརྩེ། ང་ཚོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་རྒྱུར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་རྒྱུ་དང་། རྒྱལ་སྲུང་སྐུལ་སློང་དང་། རྒྱལ་སྲུང་སློབ་གསོ། ཡུལ་དམག་གྲ་སྒྲིག་དམག་ཞབས་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཐོག དམག་དམངས་མཉམ་འདྲེས་ཟབ་མོའི་ཐོག་ནས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། མི་དམངས་བུ་ཕྲུག་དམག་གི“དཀའ་གནད་གསུམ”ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམག་དམངས་སེམས་པ་གཅིག་སྒྲིལ་གྱིས་གཞོམ་ཞིག་གཏན་ནས་མེད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་མཉམ་དུ་བརྟན་པོ་འཛུགས་རྒྱུ།

    འཐུས་མི་རྣམ་པ། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ང་ཚོས་བསམ་བློར་དྲག་ཆས་སྤྲས་པའི་འབྲས་བུ་སྲ་བརྟན་དུ་བཏང་སྟེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་དེ་བས་རང་རྟོགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ང་ཚོས་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་མཐའ་འཁྱོངས་བྱས་ཏེ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས་རིམ་ཁག་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་རྐང་འགན་འཁྲི་དང་“གནས་གཅིག་འགན་གཉིས”མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་པོ་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་འཇོག་བྱས་ཐོག “སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་དམ་འཛིན་ལྷོད་མེད་བྱེད་པ་དང་། “མིག་དཔེ་དྲུག”ཇི་མ་ཇི་བཞིན་ཡག་པོ་འདོན་དགོས། ང་ཚོས་ཁྲིམས་སྐྱོང་གི་འདུ་ཤེས་དེ་བས་ཟབ་པ་མཐའ་འཁྱོངས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་སྲིད་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཕྱོད་ལྡན་པའི་ཁྲོམ་ར་དང་བྱས་འབྲས་ཐོན་ཐུབ་པའི་སྲིད་གཞུང་ཟུང་འབྲེལ་དེ་བས་ཡག་པོ་བྱེད་པར་སྐུལ་འདེད་བཏང་ཐོག ཚན་རིག་དང་མཐུན་པའི་སྒོ་ནས་དམངས་གཙོའི་ཇུས་ཐག་གཅོད་པ་དང་། དེ་བས་རང་འགུལ་གྱི་ངང་ནས་སྲིད་གཞུང་གི་ལས་དོན་དེ་ཕྱོགས་ཡོངས་ཀྱི་ལྟ་སྐུལ་འོག་ཏུ་ཚུད་པ་བྱས་ཏེ་སྲིད་འཛིན་ནུས་ཕྱོད་ཆེ་རུ་གཏོང་དགོས། ང་ཚོས་མི་དམངས་ལ་དེ་བས་ཟབ་པའི་བརྩེ་སེམས་འཆང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཡིད་ལ་བརྟན་པོར་བཅངས་ནས“གཞུང་གྲོན་གསུམ”དང་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ཐོག མ་དངུལ་གཏོང་རིགས་ལ་ངེས་པར་དུ་ཕན་འབྲས་འདྲི་རྩད་དང་ཕན་འབྲས་མེད་རིགས་ལ་ངེས་པར་དུ་འགན་འཁྲི་འདྲི་རྩད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་གིས“འཚོ་བ་སྐྱེལ་མཁས་པོ”བྱེད་པར་བརྟེན་ནས་མང་ཚོགས“འཚོ་བ་སྐྱིད་པོ”སྐྱེལ་དུ་འཇུག་ཐུབ་པ་བྱེད་དགོས། ང་ཚོས་དེ་བས་དམ་པ་དོན་གཉེར་གྱི་འགན་འཁྲི་འཁུར་སེམས་མཐའ་འཁྱོངས་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་སྤྱོད་ཚུལ་ལེགས་སྒྱུར་དང་དོན་འཁྱོལ་དམ་འཛིན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཁ་ནས་བཤད་པའི་བྱ་བ་འཕྲལ་དུ་རྩོམ་དགོས་ཤིང་། བརྩམས་པའི་ལས་དེ་ལེགས་པར་བསྒྲུབས་ནས་བྱས་འབྲས་ཐོན་པ་བྱས་ཏེ་དོན་དངོས་དང་གྲུབ་འབྲས་དངོས་ཀྱི་ཐོག་ནས་ཏང་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།

    འཐུས་མི་རྣམ་པ། ཤར་རླུང་བརྗིད་རླབས་ཆེ་བས་གྲུ་གཡོར་བསྒྲེངས་ནས་མདུན་དུ་བསྐྱོད། ལས་འགན་ལྕི་ལ་ལམ་ཐག་རིང་བས་རྟ་ཕོ་ལྕག་གིས་ཤུགས་ཆེར་སྐུལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལས་འགན་གསར་པ་དང་དུ་བླངས་ཏེ་ལས་རྗེས་གསར་པ་མངོན་པར་བྱས་ནས་གངས་ལྗོངས་ས་མཐོར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་ལེའུ་གསར་པ་ཧུར་ཐག་རྩོམ་པ་དང་། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱེད་རྒྱུར་བསུ་བ་ཞུ་དགོས།

    (རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།