“ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་བྱས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་ཐུབ་པས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་རླབས་ཆེ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ལེགས་ཆ་ཟབ་མོ་ཚོར་ཡོད། རླབས་ཆེན་མེས་རྒྱལ་འདི་འདྲ་ཞིག་ཡོད་པར་སྙིང་དབུས་ནས་སྤོབས་པ་སྐྱེ་གི་འདུག”ཅེས་བྱམས་པ་ཚེ་རིང་གིས་བརྗོད།
ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། འཕྱོངས་རྒྱས་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་སྨན་པ་བྱམས་པ་ཚེ་རིང་དང་འཕྱོངས་རྒྱས་རྫོང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ། འཕྱོངས་རྒྱས་རྫོང་གི་ཤང་3དང་གྲོང་རྡལ་1གི་སྲིད་འཛིན་གྲོང་ཚོ་20ཚང་མར་བསྐྱོད་ཡོད།
དུག་སེལ་ཇི་ལྟར་བྱེད་དགོས་པ་དང་། ཁ་རས་ཇི་ལྟར་རྒྱག་དགོས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་དོ་སྣང་གང་ཞིག་བྱེད་དགོས་པ། གཙོ་གནད་ལས་དོན་གང་དག་སྒྲུབ་དགོས་པ་བཅས་ལ་བྱམས་པ་ཚེ་རིང་དང་ཁོང་གི་ལས་རོགས་ཚོས་དཀའ་ངལ་ཡོད་ཚད་ཁྱད་དུ་བསད་དེ་མང་ཚོགས་ལ་ནང་དོན་གཅིག་ཀྱང་མ་ལུས་པར་བསླབས་ཡོད། དུག་སེལ་སྨན་ཆུ་སྦྱོར་རྟ་བྱེད་པ་ནས་མི་མང་འདུ་འཛོམས་བྱ་ཡུལ་གཙོ་བོར་དུག་སེལ་བྱེད་པའི་བར་བྱམས་པ་ཚེ་རིང་གིས་སླ་བཅོས་སྤུ་ཙམ་ཡང་བྱས་མེད།
“རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་པ་ཞིག་གི་ངོས་ནས། རིམས་ནད་ཀྱི་མདུན་དུ་རང་ཉིད་ཀྱི་བླ་ན་མེད་པའི་འགན་འཁྲི་དང་ལས་འགན་སྔར་བས་མྱོང་ཚོར་ཐུབ་བྱུང་། གོམ་སྟབས་རྗེས་མར་ང་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་མུ་མཐུད་འབད་འཐབ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པ་དང་། སྨན་པའི་འགན་འཁྲི་རྒྱུན་ཆད་མེད་པར་ལག་ལེན་བསྟར་ནས་ང་ཚོའི་འབད་འཐབ་དང་སྲུང་སྐྱོང་ལ་བརྟེན་ཏེ་མི་སེར་གྱི་བདེ་ཐང་སྲུང་སྐྱོབ་བྱེད་ཀྱི་ཡིན”ཞེས་བྱམས་པ་ཚེ་རིང་གིས་བརྗོད།