2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ཀྱི་ལོ་ཞིག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་འགོ་ཚུགས་པའི་ལོ་ཞིག་བཅས་རེད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་རིང་ཨུ་ཡོན་རྣམ་པས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་གླེང་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨོན་ལམ་ཆོས་མཚོས“2021ལོ་ནས་བཟུང་ཁ་རུབ་ཆུས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྟོག་ཞིབ་དང་། སློབ་སྦྱོང་། གསོ་སྦྱོང་བཅས་རབ་དང་རིམ་པ་བྱས་པ་ལས་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱི་དོ་དམ་པའི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། དེང་རབས་ཁེ་ལས་ཀྱི་དོ་དམ་ཤེས་རྒྱ་ཟབ་ཏུ་ཕྱིན་པ། ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། མིག་སྔར་རི་དུང་སྨན་རྩིས་ཁང་དང་། སྐྱ་ཐང་སྨན་རྩིས་ཁང་། འཛམ་དཀར་ཞིང་འབྲོག་ཐོན་རྫས་ཆེད་ལས་མཉམ་ལས་ཁང་སོགས་དམངས་གཉེར་ཁེ་ལས་ཁག་གཅིག་མགྱོགས་མྱུར་དང་སྐྱོན་བྲལ་གྱི་འཕེལ་རྒྱས་ལམ་བུར་སྔ་རྗེས་སུ་བསྐྱོད་ཡོད”ཅེས་གསུངས་པ་རེད།
“རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་གཏོང་བ་ནི་བོད་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་འདེགས་སྐྱོར་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན” རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཁྲི་གྲོང་ཁྱེར་འགྲིམ་འགྲུལ་ཁེ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བཟོ་པ་སངས་ཚེ་རིང་གིས“ང་ལས་ཀར་ཞུགས་ཚུན་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང་། ལྷག་པར་དུ་2021ལོར་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་བོད་ཀྱི་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་བར་སྐུལ་མ་ཐེབས་ཡོད། ང་ཚོའི་ཀུང་སིར་མིག་སྔར་ཉིང་ཁྲི་གྲོང་ཁྱེར་དུ་ཞིབ་དཔྱད་ས་ཚིགས་གཉིས་ཡོད་པ་དེས་ཞིང་འབྲོག་པ་དང་སློབ་གྲྭ་ཆེ་མོ་བ་10ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། 2022ལོར་ང་ཚོའི་ཀུང་སིས་སྤོ་བོ་རྫོང་དུ་སླར་ཡང་ཞིབ་དཔྱད་ས་ཚིགས་གཅིག་བཙུགས་ནས་ས་གནས་དེ་གའི་ཞིང་འབྲོག་པ་དང་སློབ་གྲྭ་ཆེ་མོ་བ་ཁག་གཅིག་གི་ལས་ཞུགས་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྩིས་ཡོད”ཅེས་གསུངས་པ་རེད།