དབུ་ཤོག>ཆེད་སྒྲིག
  • དུས་རབས་གསར་པར་འབད་འབུངས་མདུན་དུ་བསྐྱོད། བྱས་རྗེས་གསར་པ་གང་ལེགས་མངོན་པར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-30

    ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ནས་ཁྲིམས་ལྟར་རང་འགན་གཙང་མ་སྒྲུབ་པ་བཅས་ཀྱིས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་རང་འགན་ཐེག་པ་འཁུར་ལེན་གསར་པ་མངོན་པར་བྱས་ཡོད།

    ལོ་གཅིག་རིང་ཁྲིམས་སྲོལ་གསར་པ་ཁག་4བཟོས་པ་དང་། ཁྲིམས་སྲོལ་ཁག་2ལ་བཟོ་བཅོས་བརྒྱབ་པ། ཁྲིམས་སྲོལ་ཁག་8ལ་དག་བཅོས་བྱས་པ། ཁྲིམས་སྲོལ་ཁག་2མེད་པར་བཟོས་པ། ཁྲིམས་སྲོལ་ཁག་6ལ་གྲོས་ཞིབ་བྱེད་བཞིན་ཡོད། ཆེད་དོན་ལས་དོན་སྙན་སྒྲོན་ཁག་14ཉན་པ་དང་གྲོས་ཞིབ་བྱས་པ། གྲོས་ཞིབ་བསམ་འཆར་ཁག་127བཏོན་ནས་བོད་ཀྱི་བྱ་གཞག་ཁག་ཁྲིམས་སྐྱོང་བགྲོད་ལམ་ཐོག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་རམ་འདེགས་བྱས་པ།

    རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་བཏང་བ།

    2021ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། “དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐད་བྱས་རྗེས་གསར་པ་བཞག་ཡོད།

    མིག་སྔར་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་སྲོལ་ཡིག་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག སྐུད་མེད་གློག་དོ་དམ་སྲོལ་ཡིག སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་ལས་རོགས་མི་སྣའི་དོ་དམ་སྲོལ་ཡིག མེ་ཟོན་སྲོལ་ཡིག་སོགས་ཁྲིམས་འཛུགས་ཁྲིམས་བཟོའི་དུས་མཚམས་སུ་སླེབས་ཡོད།

    འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་བརྒྱུད་ཁྲིམས་སྐྱོང་གི་བསམ་གཞིག་དང་། ཁྲིམས་སྐྱོང་གི་བྱེད་ཐབས། ཁྲིམས་སྐྱོང་གི་བྱ་ཐབས་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ། རང་སྐྱོང་ལྗོངས་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་གོ་ཆོད་ཁྲིམས་སྲོལ་ཁག་122དང་ཆུས་བཙུགས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་བཟོས་པའི་ད་ལྟ་ལག་ལེན་བསྟར་བཞིན་པའི་གོ་ཆོད་ཁྲིམས་སྲོལ་ཁག་52ལ་ཕྱོགས་ཡོངས་ནས་དཔྱད་དཔོག་དང་གཙང་བཤེར་བྱས་ཡོད།

    དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱས་པ།

    དམངས་འཚོ་རྒྱུན་མཐུད་ལེགས་སུ་བཏང་ནས་མི་སེམས་གཅིག་ཏུ་བསྒྲིལ་བ།

    ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་བཙུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་ཐུབ་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་གཞག་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཆོག་པ། བདེ་འཇགས་དེ་བས་ལྡན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རམ་འདེགས་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་ཐུབ་ཡོད།

    —— སྤུས་དག་ཁྲིམས་འཛུགས་ཀྱི་རྣམ་གྲངས་ཆེན་པོར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་པ། ཁྲིམས་འཛུགས་རྣམ་གྲངས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། ལས་ཀའི་ཆེད་དོན་ཚན་ཁག་འཛུགས་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བཅས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་འཆར་ཟིན་འགོད་རྒྱུར་གཙོ་ཁྲིད་བྱས་ཡོད།

    —— དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་དམིགས་པ་དང་། “བཟོ་བཅོས་དོར་གསུམ”ལ་མཉམ་དུ་ཤུགས་སྣོན། གན་ཁྲལ་གྱི་ཞིབ་ཕྲའི་སྤྱད་འཐུས་ཁྲལ་ཚད་སོགས་འབྲེལ་ཡོད་དོན་ཚན་སྐོར་གྱི་གཏན་འབེབས། སྨན་རྫས་དོ་དམ་སྲོལ་ཡིག་ལ་གྲོས་ཞིབ། མ་བུ་འཕྲོད་སྦྱོར་བཅའ་ཁྲིམས་ལག་བསྟར་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་སྡེབ་གཅིག་ལ་བཟོ་བཅོས། གསོ་ཉར་བཅའ་ཁྲིམས་བབ་བསྟུན་གཏན་འབེབས་དང་ལས་ཐོག་ཉེས་གསོག་སྔོན་འགོག་ལས་དོན་སྲོལ་ཡིག་ལག་བསྟར་བྱེད་མཚམས་འཇོག་པ་སོགས་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་ལན་ཡག་པོ་བཏབ་ཡོད།

    —— ཀྲུང་ལུགས་གསོ་རིག་སྨན་རྫས་བཅའ་ཁྲིམས་དང་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལ་ཁྲིམས་འཛིན་ཞིབ་བཤེར་དང་། ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོར་ཆེད་དོན་བརྟག་ཞིབ། སློབ་གསོར་གྲོན་དངུལ་གཏོང་ཤུགས་དང་བེད་སྤྱོད་དོ་དམ་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བཅས་བྱས་ཏེ་མང་ཚོགས་ཀྱི་ཉེ་འགྲམ་དུ་ལྟ་སྐུལ་ལས་དོན་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་རྒྱུར་རམ་འདེགས་བྱས་པ།

    ས་མཐོའི་ནམ་མཁའ་དེ་བས་སྔོ་བ་དང་། རྩྭ་ཐང་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ་ཡོང་བར་བྱས་པ།

    ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    འདི་ལོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་2020ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་སྒྲོན་ཉན་པ་དང་གྲོས་ཞིབ་བྱས་ནས་སྙིགས་རོས་ཁོར་ཡུག་སྦགས་བཙོག་བཟོ་བའི་འགོག་བཅོས་བཅའ་ཁྲིམས་དང་། གཏེར་ཁའི་ཐོན་ཁུངས་དོ་དམ་སྲོལ་ཡིག ནགས་ཚལ་བཅའ་ཁྲིམས་དང་དེ་བཞིན་ལག་བསྟར་བྱ་ཐབས་བཅས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི“སྣ་འདུས་ཐབས་བཟང”སྤྱད་དེ་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་ཡོད།

    མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱས་པ།

    མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ།

    ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་གལ་ཆེ་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་སྲ་བརྟན་ལ་དགོས་མཁོ་ཆེ་བ་དང་། མུག་ཟོས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕྲལ་དུ་མཁོ་བ། མཐའ་མཚམས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་བཅས་འཇུག་གཞི་དང་ཚད་བརྒལ་ཡོང་གཞིར་བྱས་ནས་མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ལ་སྐུལ་འདེད་གཏོང་རོགས་བྱས་ཡོད།

    འདི་ལོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་20ཡི་རུ་སྣེ་སོ་སོར་ཁྲིད་དེ་མཐའ་མཚམས་ས་ཁུལ་དང་གྲོང་ཁྱེར་4ཡི་མཐའ་མཚམས་རྫོང་21ཏུ་མཐའ་སྟོབས་ལས་དོན་ལ་བརྟག་ཞིབ་ཆེན་པོ་བྱེད་པར་བསྐྱོད་དེ་མཐའ་སྟོབས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

    བརྗིད་ཆེའི་འཆར་གཞི་ཡག་པོ་བཀོད། དངོས་སྒྲུབ་ལ་བརྟེན་འབྱུང་འགྱུར་བཏོད།

    གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཐོག་མཐའ་བར་གསུམ་དུ“འཛུགས་གཏོད་བཞིར”སྐུལ་འདེད་ནུས་ལྡན་གཏོང་བ་དང་། “མདུན་གྲལ་དུ་སླེབས་པ་བཞི”བྱེད་པའི་ཐད་སེམས་ནུས་ཡོད་རྒུ་འདོན་པ། ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་འགན་འཁུར་བྱས་རྗེས་འཇོག་པ་བཅས་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།