
འདི་ནི་ལས་ཞུགས་མང་ཚོགས་དང་ལག་རྩལ་པས་བོད་ལྗོངས་ཧུང་ནུང་ཆ་ཚང་རིག་ནུས་ཅན་གྱི་བོད་བྱ་ཁྲི་བརྒྱའི་ཐོན་ལས་གླིང་གི་ཐོན་སྐྱེད་ལས་རིམ་དུ་སྒོ་ང་གྲལ་བཤེར་བྱེད་བཞིན་པ།
ལྷོ་ཁ་གྲོང་ཁྱེར་གྱིས“ཐོན་ལས་ལ་བརྟེན་ནས་ཁྲོམ་ར་འཛུགས་པའི”བྱ་ཐབས་ཁག་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་སྟེ། གཙོ་གནད་མངོན་གསལ་དོད་པ་དང་གཅིག་སྡུད་ཐོག་ནུས་ཤུགས་འདོན་པ་དང་། ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་པ། ཞིང་ལས་དང་གྲོང་གསེབ་ཀྱི“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལས་དོན་རུ་ཁག་གི་ལེགས་ཆར་བརྟེན་ནས་བོད་བྱ་ཁྲི་བརྒྱའི་གསོ་ཚགས་ཐོན་ལས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་པས། རྣམ་གྲངས་འཛུགས་སྐྲུན་དང་། ཚན་རྩལ་ཞིབ་འཇུག ཁྱབ་འགྱེད་སྐུལ་ཁྲིད་སོགས་ཀྱི་ཐད་དུས་མཚམས་རང་བཞིན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཀྱི“ཚོགས་སྒྲིག་ཆུང་ངུས”སྣེ་འདྲེན་གསོ་ཚགས་ཁེ་ལས་ནང་འདྲེན་བྱ་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ཏེ་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། བོད་བྱའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ། བོད་བྱའི་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་བབ་བསྟུན་བཟོ་བ། ལས་རིགས་ཀྱི་སྣེ་འདྲེན་ལ་ཕྱོགས་ནས་གནད་སྨིན་ཚོང་འགུགས་བཅས་བྱས་པས་ཁྱོན་མ་དངུལ་སྒོར་དུང་ཕྱུར་5བཏང་བའི་བོད་ལྗོངས་ཧུང་ནུང་ཆ་ཚང་རིག་ནུས་ཅན་གྱི་བོད་བྱ་ཁྲི་བརྒྱའི་གསོ་ཚགས་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་ནང་འདྲེན་བྱས་པ་རེད། མིག་སྔར། བོད་ལྗོངས་ཧུང་ནུང་ཆ་ཚང་རིག་ནུས་ཅན་གྱི་བོད་བྱ་ཁྲི་བརྒྱའི་ཐོན་ལས་གླིང་ལ་སྒོ་ང་ཁྲི་30ལྷག་ཙམ་ཟིན་ནས་སྒོ་ང་གསོག་ཚད་་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཉིན་རེར་སྒོ་ང་གསོག་ཚད་90%ཡན་ཟིན་གྱི་ཡོད་པ་རེད།
“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལས་དོན་རུ་ཁག་གིས་བོད་བྱའི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ནས། བོད་བྱ་གསོད་པ་དང་། སྒོ་ངའི་ཐོན་རྫས་ལས་སྣོན། ཐུམ་སྒྲིལ་རྒྱུ་ཆ། སྒོ་ངའི་རིགས་ཀྱི་གྲང་ཕྲེང་སྐྱེལ་འདྲེན་སོགས་ཐོན་ལས་སྔ་མ་དང་ཕྱི་མའི་གནད་སྨིན་ཚོང་འགུགས་ལ་དམིགས་ཏེ། ཁག་དང་པོའི་ཁེ་ལས་4ཡིས་གན་རྒྱ་བཞག་ནས་མ་དངུལ་སྒོར་དུང་ཕྱུར་1ཙམ་གཏོང་རྒྱུའི་འདོད་བློ་ཡོད་པ་རེད།
“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལས་དོན་རུ་ཁག་གིས་སྣེ་འདྲེན་ཁེ་ལས་ཀྱིས་ཐོན་སྐྱེད་དང་རྣམ་གྲངས་འཛུགས་སྐྲུན་ཁྲོད་ས་གནས་དེ་གའི་མང་ཚོགས་མང་པོ་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཏེ། ལས་ཞུགས་ལས་གནས་བཏོད་པ་དང་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ལྷོ་ཁའི་བོད་བྱའི་ཐོན་ལས་རྣམ་གྲངས་ཀྱིས་རིམ་རྩིས་བྱས་ན་མི་300ལྷག་ཙམ་སྤྱད་པ་དང་། མི་90(དེའི་ནང་མི་14སློབ་ཆེན་སློབ་ཐོན་སློབ་མ་ཡིན་པ)ལས་ཞུགས་བརྟན་པོ་ཡོང་རྒྱུ་སྐུལ་ཁྲིད་བྱས་པ། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་རིམ་རྩིས་བྱས་ན་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་1600ཙམ་བྱུང་ཡོད་པ། རྣམ་གྲངས་ཚང་མ་བསྐྲུན་རྗེས་སྤྱིར་ན་མི་150ལས་ཞུགས་བཀོད་སྒྲིག་བྱས་ནས་དུས་ཚིགས་རང་བཞིན་གྱི་ལས་མི་500བཀོལ་སྤྱོད་བྱ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།