དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་རྒྱུན་འཁྱོངས་ཀྱིས། འབད་པ་ཆེན་པོས་མདུན་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-29

    བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། སྙན་རོང་རྫོང་གི་སྐབས་རིམ་བྱུང་གི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་སྙན་རོང་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་བ་ཁྱད་བསད་དང་འབད་འབུངས་མདུན་སྐྱོད་ཀྱིས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་དགོས་བསམས་ཀྱང་འགྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    འབྲོག་ལས་ཐོན་ལས་ཀྱི་ཆུ་ཚད་གོང་མཐོར་བཏང་བ།

    སྙན་རོང་རྫོང་ཁོངས་ལ་སྤྱི་ལེ་ངོས་གྲུ་ཁྲི་2.14ཡོད་པའི་ནང་སྤྱི་ལེ་ངོས་གྲུ་ཁྲི་1.85ནི་བེད་སྤྱོད་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་ཡིན་པ་དང་། རྫོང་ཡོངས་ཀྱི་མང་ཚོགས་39131གི་ཁྲོད་ནས་མི་36863འབྲོག་པ་ཡིན་ཞིང་། འབྲོག་ལས་ཐོན་ལས་ནི་སྙན་རོང་རྫོང་གི་རྨང་གཞིའི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་ཐོན་ལས་ཤིག་རེད།

    འབྲོག་ལས་ཐོན་ལས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་རྫོང་ཡོངས་ཀྱིས་བརྟག་ཞིབ་གཏིང་ཟབ་དང་། མཐིལ་རྟོགས་ཞིབ་ཚགས། བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་བཅས་བྱས་པ་བརྒྱུད། “22334”ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འབྲོག་ལས་ཐོན་ལས་ཀྱི“ཅན་དྲུག”གི་བྱེད་ཐབས་ཆགས་ནས་ཐབས་ལམ་དང་བྱེད་ཐབས་ལ་དམིགས་སའི་རང་བཞིན་དང་། ཕན་འབྲས་རང་བཞིན། དངོས་ཕན་རང་བཞིན་བཅས་དེ་བས་ལྡན་ཡོད། ཁྱོན་ཡོངས་ནས་བལྟས་ན། སྙན་རོང་རྫོང་དཀར་ཕྱོགས་འབྲོག་ར་མཚོན་བྱེད་དུ་བྱས་པའི་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་། འབྲི་གཡག་གསོ་ཚགས་གཙོ་བོར་བྱེད་པ་དང་འབྲོག་ལས་ཐོན་རྫས་ལས་སྣོན་དུས་གཅིག་ཏུ་འཕེལ་རྒྱས་གཏོང་བའི་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལག་ལེན་བསྟར་བས། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་འབྲོག་ལས་ཐོན་ལས་བསམ་ཇུས་གཅིག་གི་རྣམ་པ་ཆགས་ནས་ཐོན་ཁུངས་བསྡུ་སྒྲིལ་བེད་སྤྱོད་ནུས་ལྡན་ཐུབ་ཡོད་པ་རེད། ལས་དོན་ཁག་ནས་བལྟས་ན། གནམ་གཤིས་དྲོ་བའི་དུས་སུ་བཤས་གཏོང་བ་དང་འབྲིའི་འོ་མ་ཐོན་སྐྱེད་ཀྱི་ལག་རྩལ་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་འབྲོག་ལས་འཕེལ་རྒྱས་ཁྲོད་སྤྱད་པས་ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་40%ཟིན་པ་དང་། སྙན་རོང་ཁྲ་བོ་ལའི་འབྲི་གཡག་དང་། ཁྲ་བོ་ལའི་ཚགས་ཤ། སྙན་རོང་གི་ཞོ། སྙན་རོང་གི་ཕྱུར་བ། སྙན་རོང་གི་ལ་ལ། སྙན་རོང་གི་མར་བཅས་ས་ཁམས་མཚོན་རྟགས་6གི་ཚོང་རྟགས་ཐོ་འགོད་ལག་ཁྱེར་རེ་ཞུ་ཐུབ་ནས་སྤུས་རྟགས་འཐབ་ཇུས་ལ་རིམ་བཞིན་སྐུལ་འདེད་བཏང་བ། འབྲོག་ལས་ཐོན་རྫས་ཚོང་ལས་ཅན་དུ་འགྱུར་ཚད་66%ཡན་རྒྱུན་འཁྱོངས་ཐུབ་པ་དང་འབྲོག་ལས་ཐོན་རྫས་ཕྱིར་ཚོང་ཁོ་ན་ནས་མངགས་ཐོའི་རྣམ་པ་དང་། “དྲ་སྦྲེལ+གནས་གཏན་འཁེལ་གྱི་ཕྱིར་ཚོང”སོགས་སྣེ་མང་ཅན་གྱི་ཕྱིར་ཚོང་ལ་བསྒྱུར་ཡོད།

    སློབ་གསོ་འཕེལ་རྒྱས་ཀྱི་བླ་སྲོག་གསར་པ་བཏོད་པ།

    ལོ་ངོ་70ཡི་རིང་དཔེ་ཁྲིད་མི་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཤིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྙན་རོང་རྫོང་གིས་སློབ་གསོ་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་པས་ཕྱོགས་བསྡུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མ་དངུལ་སྒོར་ཁྲི་32903.23བཏང་ནས་ཤང་དང་གྲོང་རྡལ་རིམ་པའི་བུ་བཅོལ་ཁང་7དང་། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་7 སློབ་གྲྭའི་ལུས་རྩལ་ཐང་། སློབ་ཁྲིད་ཟུར་ཁྲིད་ཁང་བཅས་དང་། དེ་བཞིན་སྙན་རོང་རྫོང་གི་བུ་བཅོལ་ཁང་གཉིས་པ་དང་རྫོང་གི་ཆ་ཚང་སློབ་ཆུང་གཉིས་པ་སོགས་རྣམ་གྲངས་བསྐྲུན་ཡོད། རྫོང་ཡོངས་ཀྱི་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་བཅས་སློབ་གྲྭ་ཁག་16ནས་མིག་སྔའི་35བར་མང་དུ་ཕྱིན་ནས་སློབ་ལོ་ལོན་པའི་བྱིས་པ་ཐག་ཉེ་སར་སློབ་ཞུགས་ཐུབ་པ་དང་། 2016ལོར་སློབ་གྲྭ་ཁག་ལ་དྲོད་རླངས་མཁོ་འདོན་འདུ་འགོད་ཁྱོན་ཡོངས་ལ་ཁྱབ་ནས་མིག་སྔར་སྲོལ་རྒྱུན་གྱི་ལྕགས་ཐབ་ནས་གློག་ལ་བརྟེན་ཏེ་དྲོད་སྲུང་བྱེད་པའི་ཚོད་ལྟའི་འདུ་འགོད་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། སློབ་གསོའི་ཆ་འཕྲིན་ཅན་2.0སྦྲེལ་མཐུད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། མིག་སྔར་སློབ་གྲྭ་5ཡིས“མཁའ་དབྱིངས་སློབ་ཁང”བསྐྲུན་པ་དང་དྲ་རྒྱའི་སློབ་གསོ་ཞིབ་འཇུག་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བས་ཐོན་ཁུངས་མཉམ་སྤྱོད་ཐུབ་ཡོད།

    རྫོང་ཡོངས་ཀྱི་དགེ་རྒན་གྱི་དཔུང་ཁག་མི་364ནས་ད་ལྟའི་མི་456བར་སྟོབས་ཆེར་ཕྱིན་ནས“ནང་དུ་གདན་དྲངས་པ་དང་ཕྱིར་བསྐྱོད་པ”དང་། “ལྟ་སློབ་འགྲན་རྩོད”སོགས་དགེ་རྒན་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་འཛུགས་སྐྲུན་འདུ་འགོད་ཏན་ཏིག་སྤེལ་བས། ནུས་པ་དང་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་སྤེལ་ཏེ། རིམ་པ་དང་པོ་དང་གཉིས་པའི་དབང་སྐྱོན་སློབ་མར་ཁྱིམ་ཚང་དུ་སློབ་ཁྲིད་བྱེད་པར་སྐྱོད་པ་དང་རིམ་པ་གསུམ་པ་དང་བཞི་པའི་དབང་སྐྱོན་སློབ་མ་འཛིན་གྲྭར་མཉམ་དུ་སློབ་སྦྱོང་བྱེད་པའི་ལས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་སློབ་ལོ་ལོན་པའི་བྱིས་པའི་སློབ་ཞུགས་ཁེ་དབང་འགན་ལེན་བྱས་པ་རེད།

    བདེ་ཐང་གི་འཚོ་བར་འགན་སྲུང་ཡོད་པ།

    བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། སྙན་རོང་རྫོང་དུ་སྨན་བཅོས་འཕྲོད་བསྟེན་གྱི་སྲིད་འཛིན་རིམས་འགོག་དང་ལུས་ཁམས་བདེ་སྲུང་གི་སྒྲིག་གཞི་མེད་ཅིང་། དམངས་ཁྲོད་ཀྱི་བོད་ལུགས་སྨན་པ་ལ་ལ་མ་གཏོགས་ཕྱི་ལུགས་ཀྱི་སྨན་དང་སྨན་རྫས་སྣེ་གཅིག་ཀྱང་མཐོང་རྒྱུ་མེད། དེ་ཕྱིར་གསེར་ཁབ་དང་། གཏར་ཁ། མེ་བཙའ་སོགས་ཀྱི་སྨན་བཅོས་བྱེད་ཐབས་སྤྱད་དེ་ནད་གཞི་བཅོས་ཀྱི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་དང་ནག་ཆུ་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་1960ལོར་སྙན་རོང་རྫོང་འཕྲོད་བསྟེན་ཁང་བཙུགས་པ་དང་། མིག་སྔར་སྙན་རོང་རྫོང་དུ་ཁྱོན་སྨན་དོན་མི་སྣ་143དང་། རྫོང་དང་ཤང་གི་སྨན་བཅོས་སྒྲིག་གཞི་13 གྲོང་ཚོའི(གྲོང་ལྷན)འཕྲོད་བསྟེན་ཁང་བཅས་ཁྱོན་ཡོངས་ལ་ཁྱབ་པ་དང་མི་སྟོང་རེར་སྨན་བཅོས་ལག་རྩལ་མི་སྣ་3.6དང་ནད་ཁྲི་4.1ཡོད་པ་རེད།

    སྨན་དོན་ལག་རྩལ་གྱི་ནུས་པའི་ཐད། “རྒྱལ་ཡོངས་ཀྱི་རིམ་གསུམ་སྨན་ཁང་གིས་རྫོང་རིམ་པའི་སྨན་ཁང་དབུལ་པོར་ཁ་གཏད་རོགས་སྐྱོར་བྱེད་པ”དང“གྲོང་ཁྱེར་སྨན་ཁང་གིས་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི”ནུས་པ་འདོན་སྤེལ་མངོན་གསལ་དོད་པོ་བྱས་ནས་གོ་ཆོད་སྨན་པ་དཀའ་བཅུ་པ་དང་ནད་སྡོད་སྨན་པ་དཀའ་བཅུ་པ་གསོ་སྐྱོང་གི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོད་པ་དང་། སྐྱེ་སྡོམ་གཤག་བཅོས་དང་རྒྱུ་ལྷག་གཉན་ཚད་བཤགས་བཅོས་སོགས་བྱང་ཆུབ་པ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་གཅིན་པར་ཏེན་ལྡན་ཚད་ཚོད་ལྟ་ཁང་གི་གཅིན་པར་ཏེན་ལྡན་ཚད་ཞིབ་དཔྱད་ཚད་ལེན་ལས་དོན་གྱི་སྔོན་དཔེ་བཏོད་དེ་མང་ཚོགས་ལ་སྨན་བཅོས་བྱེད་ཚད་70%ཟིན་ནས“རྒྱུན་མཐོང་ནད་ཤང་ནས་བཅོས་པ་དང་། ནད་ཆེན་རྫོང་ནས་བཅོས་པ། བཅོས་དཀའ་བའི་ནད་གཞི་བཅོས་པར་རོགས་སྐྱོར་བྱེད་མཁན་ཡོད་པའི”སྨན་བཅོས་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཡོད་པ་རེད།

    སྨན་བཅོས་ཞབས་ཞུའི་ཐད་ནད་གཞི་མེད་ཚེ་སྔ་ཙམ་སྔོན་འགོག་དང་། ནད་གཞི་ཡོད་ཚེ་སྔ་ཙམ་ཤེས་རྟོགས། སྔ་ཙམ་སྨན་བཅོས་བྱེད་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ནས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་འདེགས་ཞུ་ཚད་100%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་ནང་ཚུད་པའི་གྲྭ་བཙུན་ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་ཚད་100%ཟིན་པ། སྐོར་སྐྱོད་སྨན་ཁང་དང་གཞི་རིམ་གྱི་སྐོར་སྐྱོད་སྨན་བཅོས་རྒྱུན་རྣམ་ཅན་དུ་སྤེལ་བ་བཅས་བྱས་ནས་བདེ་ཐང་བརྟག་དཔྱད་ཀྱི་རྩིས་ཐོ་དང་དེ་བཞིན་གློག་རྡུལ་བདེ་ཐང་ཡིག་ཚགས་རིམ་པ་བཞིན་བཟོས་ཡོད་པ་རེད།

    འགྲིམ་འགྲུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་པ།

    སྙན་རོང་རྫོང་ནག་ཆུ་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཤིང་། གདང་ལའི་ས་ཁོངས་སུ་གཏོགས། ཤར་ངོས་འབྲི་རུ་རྫོང་དང་སྦྲ་ཆེན་རྫོང་དང་སྦྲེལ་བ་དང་། ལྷོ་ངོས་གསེར་རྙེད་ཆུས་དང་སྦྲེལ་བ། ནུབ་ངོས་ཨ་མདོ་རྫོང་དང་སྦྲེལ་བ། བྱང་ངོས་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་དང་སྦྲེལ་ཡོད། སྙན་རོང་རྫོང་ས་མཐོའི་འབྲོག་ཁུལ་དུ་གནས་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཕེལ་རྒྱས་ལ་དཀའ་ངལ་ཆེན་པོ་ཡོད་པས་དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཅུང་ཞན་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་བཟོས་ཡོད།

    2016ལོ་ནས་བཟུང་། སྙན་རོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྣམ་གྲངས་རག་ཐབས་དང་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མ་དངུལ་སྒོར་དུང་ཕྱུར་48བཏང་ནས་རྣམ་གྲངས་110བསྐྲུན་པ་དང་ལམ་སྤྱི་ལེ་1410བཟོས་ནས་རྫོང་ཡོངས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།