གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། གྲོང་ཚོའི་ལས་བྱེད་པའི་ཕྱོགས་བསྡུས་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བོད་སྐད་ཨུད་གཞུང་ལས་ཁང་གི་ལས་དོན་པ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དྲུག་བརྒྱ་གྲོང་ཚོར་བསྐྱོད་དེ། གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་དང་། “གྲོང་ཚོའི་ཨུ་ལྷན་གཉིས”ཀྱི་ཁོངས་མི། གྲོང་ཚོའི་ལྟ་སྐུལ་ཁོངས་མི་བཅས་ཁྱོན་མི་15གསོ་སྦྱོང་ལ་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གསོ་སྦྱོང་ལ“ས་གནས་ས་ཐོག་ཏུ་མཉམ་འགུལ+གཅིག་སྡུད་སློབ་སྦྱོང”གི་བྱ་ཐབས་སྤྱད་པས། གསོ་སྦྱོང་ལ་ཞུགས་མཁན་ཚོའི་སློབ་སྦྱོང་གི་སྤྲོ་སེམས་ཧ་ཅང་འཕེལ་བ་རེད།
ལྷུན་གྲུབ་རྫོང་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་ཚེ་རིང་བསམ་གྲུབ་ཀྱིས་གསོ་སྦྱོང་བྱེད་རིང་སློབ་མ་ཚོར“ཚང་མས་ད་ཐེངས་སློབ་སྦྱོང་གི་གོ་སྐབས་ལ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བ་དེ་ལས་ཀ་དང་འཚོ་བར་མཉམ་འདྲེས་ཐུབ་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་རང་འགུལ་ལ་བརྟེན་པ། ‘ཉན་པ་དང་། ཤོད་པ། ཀློག་པ། འབྲི་བ’བཅས་གང་ས་ཅི་ཐད་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་འབྲེལ། ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་རིམ་པའི་ལས་དོན་པས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་ཤུགས་སྣོན་དང་། གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་བྱེད་སྐབས་དམར་ཁྲིད་དང་མཛུབ་ཁྲིད་བྱས་ཏེ། ཕན་ཚུན་རོགས་རམ་དང་ཐུན་མོང་ཡར་རྒྱས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་པའི་རེ་བ་ཡོད”ཅེས་བསྔགས་སྐུལ་བྱས་པ་རེད།