ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏེང་ཡེ་ཤན་གྱིས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་སྤེལ་ཚུལ་གསན་པ་དང་། ལས་ཀའི་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ངལ་མཐུན་སྦྱོར་གྱིས་ཐག་གཅོད་བྱས་པ། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་བསྐྱར་དུ་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་དང་། རྡོ་ཐོགས། འོད་ཟེར། ཝང་ཅུན་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་ལས་དོན་ཚོགས་ཆུང་ཁག་དང་འབྲེལ་ཡོད་ལས་ཁུངས་ལ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་གྲ་སྒྲིག་ལས་དོན་ལ་སྔར་བས་དམ་འཛིན་ཡག་པོ་དང་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། ལས་ཡུལ་ལྡོག་རྩིས་དང་འཆར་གཞི་གཞིར་བཟུང་འབད་འཐབ་བྱས་ནས་གྲ་སྒྲིག་ལས་དོན་ཁག་གི་འཕེལ་རིམ་མགྱོགས་སུ་གཏོང་དགོས། སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་ཚོགས་འདུའི་ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས་ཀྱི་ལས་དོན་ཚད་གཞི་མཐོ་པོས་ཡག་པོ་སྒྲུབ་དགོས། བདེ་སྲུང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ཡིག་འབུལ་ཞུ་བཅར་གྱི་ལས་དོན་གཟབ་ནན་གྱིས་ཐག་གཅོད་ཡག་པོ་བྱེད་དགོས། ཚོགས་ཆེན་གྱི་རྣམ་པ་གཟབ་རྒྱས་ཀྱི་གསར་འགྱུར་ཕྱོགས་ཡོངས་ནས་ཡག་པོ་སྤེལ་དགོས་པ་དང་། ཚོགས་འདུའི་རྣམ་པ་དང་ཚོགས་འདུའི་སྒྲིག་ལམ་ལ་ལྟ་སྐུལ་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ། བཀོད་སྒྲིག་གནད་ལ་འཁེལ་བ་དང་། འགན་འཁྲི་གནད་ལ་འཁེལ་བ། དོན་འཁྱོལ་གནད་ལ་འཁེལ་བ་བཅས་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་དེ་མཐུན་སྒྲིལ་གྱི་ཚོགས་ཆེན་དང་། རྒྱལ་ཁའི་ཚོགས་ཆེན། དམངས་གཙོའི་ཚོགས་ཆེན་བཅས་སུ་འཚོག་ཐུབ་པ་བྱེད་དགོས་ཞེས་བསྟན་པ་རེད།