དབུ་ཤོག>ཆེད་སྒྲིག
  • དམངས་འཚོ་རྩ་བར་བཟུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-29

    ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་དམངས་འཚོའི་བྱ་གཞག་དེ་སྤྱི་ཚོགས་ཀྱི་བྱ་གཞག་མཐའ་དག་གི་ཆེས་མདུན་མར་བཞག་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ།

    འདི་ལོའི་ཟླ་6པར། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དང་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་མཚོ་བོད་ས་མཐོར་ཐོག་མར་ཤར་གཏོང་ཐུབ་ཡོད།

    འདི་ལོ་ལོ་68ལ་སླེབས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ལྷག་པ་ཚེ་རིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པར་ཉིང་ཁྲི་ནས་ལྷ་ས་བར་ཉིན་གསུམ་བཞི་ཙམ་འགོར་གྱི་ཡོད། ལྷ་ཉིང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཆུ་ཚོད་6ཡན་ནས་ཆུ་ཚོད་4ཙམ་བར་ཐུང་དུ་ཕྱིན་པ་དང་། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཆུ་ཚོད་3ལྷག་ཙམ་བར་སླར་ཡང་ཐུང་དུ་ཕྱིན་པ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་བཅས་ལས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཧ་ཅང་སྟབས་བདེ་བསྐྲུན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚ་ཚ་འུར་འུར་ངང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དེ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་བསྡུས་རིས་ཤིག་རེད།

    —— གཞུང་ལམ་གྱི་ལམ་ཐིག་མགྱོགས་མྱུར་མང་དུ་ཕྱིན་ཞིང་། ད་ཆ། སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ནས་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་94%དང་76%སོ་སོར་ཟིན་ཡོད། མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རིམ་པ་དང་པོའི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་700ཙམ་ཟིན་ཡོད།

    ལྕགས་ལམ་འཛུགས་སྐྲུན་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་ཕྱིན་ཞིང་། འདི་ལོའི་ཟླ་6པའི་བར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ད་བར་ལྕགས་ལམ་ལྷ་ས་དང་། གཞིས་རྩེ། ནག་ཆུ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་5ལ་ཤར་གཏོང་ཐུབ་ཡོད།

    —— མཁའ་འགྲུལ་སྐྱེལ་འདྲེན་དེ་བས་སྟབས་བདེ་རུ་ཕྱིན་ཞིང་། འདི་ལོའི་ཟླ་8པར་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་T3གནམ་ཐང་བབས་ཚུགས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་2025ལོར་སླེབས་སྐབས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་900དང་། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་འདྲེན་བྱེད་ཚད་ཏུན་ཁྲི་8 གནམ་གྲུ་འབབ་འཕུར་བྱེད་ཚད་ཁྲི་5.85བཅས་ཀྱི་དམིགས་ཚད་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། གཞིས་རྩེའི་ཞི་བདེ། མངའ་རིས་ཀྱི་དགུན་ས་སོགས་ཡན་ལག་གནམ་གྲུ་ཐང་བསྐྲུན་ཟིན་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་140ཟིན་པ། གྲོང་ཁྱེར་66ལ་ཤར་གཏོང་ཐུབ་པ་བཅས་རེད།

    ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ།

    “གལ་ཏེ་ཐོན་ལས་རྟེན་གཞིའི་སྐུལ་ཁྲིད་མེད་ཚེ། ང་རང་ད་དུང་ལས་ཡུལ་དུ་ལས་ཀ་བྱེད་ཀྱི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་གྲོང་མི་ཆོས་སྒྲོན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། དེ་སྔ་ཆོས་སྒྲོན་ཕྱིར་གླ་པར་སྐྱོད་སྐབས་རྟག་ཏུ་ལས་ཀ་རག་གི་མེད། ད་ཆ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ནས་ལས་ཀ་བརྟན་པོ་ཡོད་པ་མ་ཟད། ད་དུང་ཟླ་རེར་གླ་ཆ་སྒོར་5000ལྷག་ཙམ་ཡོད་ལ། ནང་མིར་ཡང་ལྟ་རྟོག་བྱེད་བདེ་པོ་ཡོད་པས། མིག་སྔའི་འཚོ་བར་ཆོས་སྒྲོན་འདོད་བློ་ཁེངས་ཡོད།

    ཆོས་སྒྲོན་ལས་ཀ་བྱ་ཡུལ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་བོད་རྩྭ་མུའུ་ཁྲིའི་རྩི་ཤིང་སྡོང་ཕྲུག་རྟེན་གཞི་རེད། རྟེན་གཞི་གཉེར་སྐྱོང་གི་འགན་འཁུར་མཁན་བོད་ལྗོངས་བོད་རྩྭ་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཐན་ཁྲུན་ཡུས་ཀྱིས། “ཐོན་ལས་འཕེལ་རྒྱས་བཏང་བ་དང་ཆབས་ཅིག་སྐྱེ་ཁམས་ལེགས་སུ་ཕྱིན་པ་མ་ཟད། མི་སེར་གྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཅེས་བཤད།

    ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཐོན་ལས་སྤུས་ཚད་མཐོ་བ་དང་ ཕན་འབྲས་ཆེ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    མངའ་རིས་ས་ཁུལ་སྒར་རྫོང་བཀྲིས་སྒང་ཤང་གིས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་། ཁྱོན་མ་དངུལ་སྒོར་ཁྲི་7000གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྣང་ཆེན་བཅས་བྱས་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“འབྱོར་འབྲིང་ཁང་པར”སྤོས་པ་དང་། “ཡུལ་སྐོར་གྱི་ཡོང་འབབ”ཡོད་པ། “ཕྱུག་འགྱུར་ལམ”དུ་སྐྱོད་པ་བཅས་བྱས་ཏེ། དེ་སྔའི་མི་མེད་ལུང་སྟོང་གི་མཐའ་མཚམས་ཤང་དེ་བདེ་སྐྱིད་ལྡན་པའི་མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྐྲུན་ནས་མི་སེར་གྱི་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ནས། ལོ་གོང་མ་ལས་12.7%འཕར་བ་དང་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་། ཉེ་བའི་ལོ་5ཡི་རིང་འཕར་ཚད་13%ཙམ་རྒྱུན་འཁྱོངས་ཐུབ་སྟེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156ཟིན་ནས་ལོ་གོང་མ་ལས་10%འཕར་ཡོད།

    མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་པ།

    འདི་ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་རིང་ཡུལ་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་སྐུ་མགྲོན་ལ་ཕེབས་སྐབས་ནང་མི་ཚང་མར་སེམས་འགུལ་ཚད་མེད་ཐེབས་ཡོད། ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ད་ཆ་ས་ཞིང་མུའུ་29ཡོད་པའི་ནང་ས་ཞིང་མུའུ་22ནང་བཤུག་བཏང་བ་དང་ས་ཞིང་ལྷག་མ་མུའུ་7ལ་གྲོ་དང་། མ་རྨོས་ལོ་ཏོག བྲ་བོ་སོགས་བཏབ་ཡོད། ལོ་དེ་དག་རིང་ཁོ་ཚོའི་ཁྱིམ་གྱིས་སྐྱེལ་འདྲེན་དང་། ཁམ་བུའི་མེ་ཏོག་དུས་ཆེན་གྱི་བགོ་བཤའ། ས་ཞིང་ནང་བཤུག་གཏོང་བ། འདེབས་འཛུགས་གསོ་ཚགས་བཅས་ལ་བརྟེན་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཡོང་གི་ཡོད།

    ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས་གཞུང་ལམ་མཁྲེགས་འགྱུར་དང་། མདོང་ལམ་དྲ་བ་འཁྲིད་པ། སྔོ་འགྱུར་སོགས་ཀྱི་འདུ་འགོད་ལག་ལེན་གཅིག་སྡུད་བསྟར་བས་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་མུའུ་240ཟིན་པ་དང་། སྔོ་ལྗང་ར་སྐོར་དང་ཀྭ་རིགས་སམ་ཤིང་འབྲས་སྒོ་ར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། སྒོ་ར་སྔོ་འགྱུར་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་པས་གྲོང་ཚོ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    ཟླ་བ་རྒྱལ་མཚན་གྱི་ལོ་60ལ་སླེབས་པའི་ཨ་མ་སྒྲོལ་མས“དེ་སྔ་ཁྱིམ་གྱི་ཁང་པ་ཚང་མ་དམའ་ལ་གུ་དོག་པའི་རྡོ་ཁང་ཤ་སྟག་ཡིན་པ་དང་མི་ཕྱུགས་མཉམ་དུ་སྡོད་དགོས་ཀྱི་ཡོད་པས་ཁོར་ཡུག་གཙང་སྦྲ་ཧ་ཅང་ཞན། ད་ཆའི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་འདི་འདྲར་སྡོད་རྒྱུ་ཡོང་སྙམ་པ་བློ་ལ་ཡང་འཁོར་མྱོང་མེད། སྒོ་རའི་ནང་འབྲས་ཤིང་དང་མེ་ཏོག་སྣ་ཚོགས་འདེབས་ཆོག་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

    དམངས་འཚོ་ལེགས་སུ་གཏོང་མཇུག་འགྲིལ་མཐའ་མེད། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྐུལ་འདེད་འོག རང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་གོ་སྐབས་སུ་བྱས་ཏེ། དམངས་འཚོའི་རྒྱུགས་ལན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་མི་དམངས་ཀྱི་འཚོ་བའང་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།