རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།
ཀྲོང་ཡན་གྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དང་། དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་བཅས་གོ་བ་གཏིང་ཟབ་ལོན་པར་བྱ་རྒྱུ།
ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁོང་དུ་ཏན་ཏིག་ཆུད་པ་བྱ་རྒྱུ་སོགས་ཕྱོགས་6ལ་དམིགས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གསལ་འགྲེལ་གཏིང་ཟབ་གནང་བ་དང་། འདས་ཟིན་པའི་ལོ་ལྔའི་རིང་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་དང་། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ། འབད་འཐབ་དམིགས་ཚད། གཙོ་གནད་ལས་དོན་དང་ལས་འགན་སོགས་གོ་བ་གཏིང་ཟབ་ལེན་པ་ནས་འགོ་བཙུགས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་གནང་ཞིང་། ཁོང་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ནི་བླ་མེད་ཀྱི་མཁས་མཛངས་དང་ཡང་དག་པ་ཅིག་ཡིན་པར་ངོས་འཛིན་གང་ལེགས་ཐུབ་པར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བྱས་རྗེས་ཧུར་ཐག་འཇོག་པ་དང་གསར་འབྱེད་གསར་གཏོད་བྱེད་ཕོད་པར་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲོང་ཡན་གྱིས་སྡེ་ཚན་ཁག་དང་། ཚན་པ་ཁག ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཟབ་སྦྱོང་མཐིལ་རྟོགས་དང་། མཐའ་གསལ་མཐིལ་རྟོགས། དྲིལ་བསྒྲགས་གཏིང་ཟབ་བཅས་བྱས་ཏེ་སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བ་བྱེད་དགོས་པ་དང་། གཙོ་གནད་ལས་དོན་དང་ལས་འགན་ལ་དམ་པོར་དམིགས་ཏེ། དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་བྱ་ཐབས་ལ་ཞིབ་འཇུག་བྱས་ནས་ལྗོངས་ཡོངས་ཀྱི“གསར་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ལས་དོན་ཁྲོད་གདོང་ལེན་པ་དང་དཔེ་བཟང་བ་ཡག་པོ་ཞིག་བྱེད་དགོས། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་ནས“དཔེ་སྟོན་དྲུག”དང“ཞིབ་བཤེར་བཞི་དང་འདྲི་རྩད་བཞིའི”བླང་བྱ་སྣེ་ཁྲིད་ནས་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས། ལོ་མཇུག་དང་ལོ་འགོའི་བརྟན་ལྷིང་སྲུང་སྐྱོང་དང་། བདེ་འཇགས་ཐོན་སྐྱེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།