དབུ་ཤོག>ཆེད་སྒྲིག
  • ​བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་ནག་ཆུ་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-12-13

    ཟླ་11ཚེས་30ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་རྒྱལ་ཁའི་ངང་གྲོལ་བ་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་ནག་ཆུ་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཏང་གི་འཐུས་མི་ཚོགས་ཆེན་ཐོག་བཏོན་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་ངོས་འཛིན་གླེང་བ་དང་། འགན་འཁྲི་འཁུར་སེམས་རྗོད་པ། དངོས་སྒྲུབ་དོན་དུ་གཉེར་བ་བཅས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་། དཔའ་ངར་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་ལས་དོན་ཞིབ་ཕྲར་ལག་བསྟར་དོན་འཁྱོལ་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་རང་ཉིད་ཀྱི་ལེཌ་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ལིའུ་ཁུའེ་ཡིས“ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཧ་ཅང་གལ་ཆེན་ཞིག་ལ་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཟུང་འབྲེལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཏན་ཏིག་བྱེད་པ་དང་ཟུང་འབྲེལ་བཅས་བྱས་ཏེ། མཐའ་གསལ་མཐིལ་རྟོགས་ཐད་ཤུགས་བརྒྱབ་ནས་ཏང་གི་ཨུ་ཡོན་ལྷན་ཁང་དང་། ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་། ཀྲི་པུའི‘ཚོགས་འདུ་གསུམ་དང་སློབ་ཚན་གཅིག’ ན་གཞོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་། ཆེད་དོན་ཟུར་ཁྲིད་འཆད་ཁྲིད་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་རྒྱ་ཆེའི་ཁྲལ་དོན་ལས་བྱེད་པའི་བསམ་སྦྱོར་གཉིས་བརྩོན་དང་བསམ་སྦྱོར་གཅིག་གྱུར་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནག་ཆུའི་ཁྲལ་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད་པ་རེད།

    ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཝང་ཆན་གྱིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ངོས་ནས། ངས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་བརྒྱུད་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཀྱི་རང་བཞིན་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློའི་དགོས་ངེས་ཀྱི་རང་བཞིན། དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་གྱི་གལ་ཆེའི་རང་བཞིན་བཅས་ལ་མྱོང་ཚོར་ཐུབ་བྱུང་། གོམ་སྟབས་རྗེས་མའི་ལས་དོན་ལ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མུ་མཐུད་གཏིང་ཟབ་བྱས་ནས་སྤྱི་བདེའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་རིང་ལས་ཀ་དང་ལས་ཀ་བྱེད་རིང་སློབ་སྦྱོང་བྱས་ཏེ། མི་དམངས་མང་ཚོཌ་ཀྱི་གཞི་རྩའི་ཁེ་ཕན་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་དང་མང་ཚོགས་ཀྱི“དགོས་གཏུགས་དང་། དཀའ་གནད། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་རང་འགུལ་ངང་དོ་ཁུར་བྱས་ནས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།

    ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལས་བྱེད་པ་ཧུའུ་ཅན་དབྱི་ཡིས། “ད་རེས་ཀྱི་ཚོགས་ཆེན་ནི་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཞིག་རེད། ང་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་ལས། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོར་ངོས་འཛིན་གང་ལེགས་བྱས་ཏེ་ལས་བྱེད་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་གི་ཡིན”ཞེས་གསར་འགོད་པར་བཤད་པ་རེད།

    ལྷ་རི་རྫོང་ལྷ་རི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་དབང་རྒྱལ་གྱིས“རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་པས། ངས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་རྒྱུ་སྔར་བས་ཟབ་ཏུ་ཕྱིན་ལ། ང་ཚོའི་སླད་ཕྱིན་ལོ་ལྔའི་ལས་དོན་གྱི་འབད་འཐབ་ཁ་ཕྱོགས་ཀྱང་གསལ་དུ་ཕྱིན་སོང་། དུས་རབས་གསར་པའི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་བྱེད་པ་དང་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་གི་གྲ་སྒྲིག་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཞིང་འབྲོག་མང་ཚོགས་ཀྱི་སེམས་སུ་ཟུག་པ་དང་། དོན་དངོས་ཀྱི་ལས་དོན་ཁྲོད་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དམ་པོར་དམིགས་ནས་ཏང་གི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མང་ཚོགས་ཚང་མར་ཏང་གིས་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་ཚོར་དུ་བཅུག་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་གི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།