དབུ་ཤོག>ཆེད་སྒྲིག
  • འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་སྒོ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-12-10

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་ཤིང་། “ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྨང་གཞི་གལ་ཆེན་ཞིག་ལ་བརྩི་བ་དང་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”ཞེས་ནན་བཤད་གནང་བ་དང་། “ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྔོན་སྐྱོད་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད”བྱས་ནས“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱེད་དགོས”ཞེས་གསལ་པོར་བཏོན་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བཀོད་འདོམས་དབྱུག་པ་དང་འབྱུང་འགྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཕྱོགས་སྟོན་འཁོར་ལོ་ཡིན་པའི་ངོས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ནང་གནས་གཅིག་གྱུར་ཞིག་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས་ཤིག་རེད། བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་སྒོ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་ཤིང་། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བླང་བྱ་ཁ་གསལ་ཞིག་རེད་ལ། བོད་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་ཐུབ་རྒྱུར་ཞབས་འདེགས་ཞུས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་རེད།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་སྒོ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར། ང་ཚོར་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་ལྗོངས་ཡོངས་ཀྱི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྐང་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། སྤྱི་འདོམས་ཇུས་འགོད། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་བྱེད་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུ་འཇུག་སྒོར་བརྩི་བ། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། སྒྲིག་སྲོལ་ལམ་སྲོལ་འགན་ལེན་དུ་བྱེད་པ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ། ནུས་ལྡན་མ་འཇོག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མིག་སྔར་གསོན་ཤུགས་ལྡན་པ་དང་ཕྱིས་འབྱུང་ལ་གཏིང་ཤུགས་ལྡན་པར་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་སྤུས་ཚད་དེ་བས་མཐོ་བ་དང་། ནུས་ཕྱོད་དེ་བས་ལྡན་པ། དྲང་གཞག་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཆོག་པ། བདེ་འཇགས་དེ་བས་ཡིན་པ་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་དགོས།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་སྒོ་ཚང་བ་དང་། འཕྱུག་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར། ང་ཚོར་རང་ལྗོངས་ཀྱི་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་པོའི་རྨང་གཞི་བཟང་པོ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཆེན་པོར་གཞི་ཚུགས་དགོས་པའི་བླང་བྱ་བཏོན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་ཆེ་རུ་ཕྱིན་པ་བཅས་ལས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྡོ་རྗེ་བྲག་ལྟ་བུའི་གདེང་ཚོད་ཧ་ཅང་བརྟན་པོ་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། འཛམ་གླིང་གི་ཡུལ་སྐོར་དམིགས་ས། ནུས་རྒྱུ་གཙང་མའི་རྟེན་གཞི། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བཅས་འཛུགས་སྐྲུན་ལ་དམིགས་ཏེ་གོ་སྐབས་ལ་དམ་འཛིན་དང་། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། ཕྱོགས་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་ཇུས། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན། ས་མཐོའི་སྤུས་རྟགས་དང་། འབྱུང་འཕྲོད་སྤུས་རྟགས། ཁྱད་ལྡན་སྤུས་རྟགས་བཅས་གཏོད་པ། ཕྱི་ཤུགས་བེད་སྤྱོད་ཡག་པོ་དང་། ནང་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐོན་ལས་དང་པོ་ལེགས་སུ་གཏོང་བ། ཐོན་ལས་གཉིས་པ་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་གསུམ་པ་རིམ་པ་སྤོར་བ། རྣམ་གྲངས་འཛུགས་སྐྲུན་གནས་བབ་གལ་ཆེན་དུ་འཇོག་པ། སྲིད་ཇུས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་བ། མི་རིགས་ཁག་གི་མི་དམངས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་ཕྱུག་འགྱུར་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། འཕྱུག་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར། ང་ཚོར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་ལེགས་གཏོང་དང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མི་དམངས་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་། དམངས་འཚོ་ལེགས་གཏོང་དང་འགན་ལེན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་སྙིང་གཙོ་བོ་རེད།

    ང་ཚོས་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ལ་དམ་འཛིན་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། ལོ་ལྟར་དམངས་འཚོའི་བྱ་བ་དངོས་ཁག་གཅིག་ཡག་པོ་སྒྲུབ་པ། ནུས་ཤུགས་ཡོད་རྒུས་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། ནུས་ཤུགས་ཡོད་རྒུས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་བ་བཅས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

    ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། གོ་སྐབས་ལ་དམ་འཛིན་གྱིས་གསར་གཏོད་འཕེལ་རྒྱས་གཏོང་བ། ལེགས་ཆ་འདོན་སྤེལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་དམ་འཛིན་གྱིས་འཕེལ་རྒྱས་མགྱོགས་མྱུར་གཏོང་བ། གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པའི”མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་པ་བཅས་བྱས་ཚེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་བཀོད་གནང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གངས་ལྗོངས་ས་མཐོའི་འོད་སྟོང་འཕྲོ་བའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།