དབུ་ཤོག>ཆེད་སྒྲིག
  • མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་རྣམ་པ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-01

    “ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལྷ་སའི་ཉེ་འཁོར་དང་དེ་བཞིན་རི་ངོས་ཀྱི་ནགས་གསོ་སྟེ‘ལྗང་མདོག་ལྕགས་རིའི’ལས་གྲྭ་གཞི་རྟེན་གལ་ཆེན་དུ་བཟུང་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཤིང་། ‘ལྗང་མདོག་ལྕགས་རི’བསྐྲུན་པ་ཕུད་ལྷ་ས་གྲོང་ཁྱེར་གྱིས་ཆུ་རྒྱུད་སྒྱུར་བཀོད་སོགས་ལའང་འཚོལ་ཞིབ་ཧུར་ཐག་དང་ཚོད་ལྟ་ནུས་ལྡན་བྱས་ཡོད”ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་སྐལ་བཟང་བག་གྲོས་གསུངས།

    ཆུ་རྒྱུད་སྒྱུར་བཀོད་སྐོར་གླེང་སྐབས་འཁྲིས་སུ་ཡོད་པའི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡེ་ཤེས་ཆོས་སྒྲོན་གྱིས“ང་ཚོ་འབྲོམ་ཐོད་ཤང་ཡེར་པ་ལུང་ཤུར་གྱི་ས་ཆུ་སྲུང་འཛིན་དང་། སྐྱེ་ཁམས་དྭངས་གཙང་། འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་དཔེ་སྟོན་ལས་གྲྭ་འདི་ལོའི་ཟླ་11པར་ཞིབ་བཤེར་རྩིས་ལེན་བྱུང་ཞིང་། རྣམ་གྲངས་དེས་རྨོ་ཞིང་དང་། ནགས་ས། ལམ་སྲུང་ནགས་ཚལ་བཅས་ཀྱི་ཆུ་འདྲེན་རྒྱ་ཁྱོན་ཆེ་རུ་འགྲོ་ཐུབ་པ་མ་ཟད། ད་དུང་འདམ་རུད་འགོག་ཐུབ་པ་དང་། འབབ་རྒྱུད་ཆུང་ངུའི་ཆུ་ཁུངས་གསོ་སྐྱོང་བྱེད་ནུས་ཆེ་རུ་ཕྱིན་ནས་འབབ་རྒྱུད་ཀྱི་ཁོར་ཡུག་ལེགས་སུ་གཏོང་ཐུབ་ཡོད”ཅེས་ཆུ་རྒྱུག་རྒྱུག་གསུངས།

    ལྷ་སའི“ལྗང་མདོག་ལྕགས་རི”དང་ཆུ་རྒྱུད་སྒྱུར་བཀོད་ལ་གྲུབ་འབྲས་ཐོབ་པ་ཕུད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ནང་ད་དུང་འདས་ཟིན་པའི་ལོ་ལྔའི་རིང་རང་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་98%ཡན་ཟིན་པ་དང་ས་ངོས་ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་100%ཟིན་ཡོད་པ་གླེང་ཡོད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ནོར་རྒྱས་ཀྱིས་ངོ་སྤྲོད་གནང་དོན “ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཇུས་གཞི་བཟོ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་བཟང་སྒྲིག་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཚོད་སྐོར་ལེགས་སྒྲིག་ལས་དོན་ཏན་ཏིག་སྤེལ་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཚད་གཞི། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་བཅས་གཏན་འཁེལ་ལུགས་མཐུན་བྱས་ནས་བདེ་འཇགས་དང་ནུས་ཆེའི་སྐྱེ་ཁམས་བར་མཐོངས་ཀྱི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཡོད། ས་ཁུལ་ཡོངས་ཀྱི་གྲོང་ཚོ་རིམ་པ་ཡན་གྱི་གཙང་པོ་དང་མཚེའུ་2170ལ་རིམ་ལྔའི་ཆུ་དཔོན་དང་མཚེའུ་དཔོན་ཡོངས་ཁྱབ་ཐུབ་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཚད་གཞི་100%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་ལོན་ཚད་100%ཟིན་པ། མ་ཕམ་གཡུ་མཚོ་འདི་ཉིད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་བཅས་རེད”

    “ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་འབྱུང་རྩ་ནས་ཡག་པོ་རྒྱག་རྒྱུའི་བར་རིམ་སྤོར་བྱས་པས། སྦགས་བཙོག་འགོག་བཅོས་ཀྱི་ཁྱབ་ཁོངས་དེ་བས་ཆེ་བ་དང་། བླང་བྱ་དེ་བས་མཐོ་བ། ཚད་གཞི་དེ་བས་ནན་པ་བཅས་བྱུང་ཡོད། ལྷོ་ཁ་གྲོང་ཁྱེར་དུ་ལོ་གསུམ་བསྟུད་མར་གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་ཁྱེར་རིམ་པའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ནས་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་བརྟན་པོ་དང་བདེ་འཇགས་རྒྱུན་འཁྱོངས་ཐུབ་ཡོད། 2020ལོར་ལྷོ་ཁ་གྲོང་ཁྱེར་ལ‘རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུཌ་གཏོད་ཀྱི་དཔེ་སྟོན་གྲོང་ཁྱེར’གྱི་མཚན་སྙན་ཐོབ་པ་དང་། མིག་སྔར། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང(ཆུས)7དང་། སྐྱེ་ཁམས་ཤང(གྲོང་རྡལ)73 སྐྱེ་ཁམས་གྲོང་ཚོ(གྲོང་ལྷན)518བཅས་འཛུགས་གཏོད་བྱས་ཡོད་ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་དབང་ཆེན་གྱིས་སྤོབས་སེམས་ཆེན་པོས་གསུངས།

    “ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྫོང་ཡོངས་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཐར་པར་གཏན་ནས་མི་གཏོང་བར་ནུས་ཤུགས་ཡོད་རྒུས་མེ་ཏོག་རྫོང་གི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ཡོད”ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུའེ་ཁྲང་ཆིས་གསུངས།

    “རི་བོ་ཆེ་རྫོང་ལ‘ཚོན་ལྡན་རི་བོ་ཆེ་དང་གཙང་གསུམ་གྱི་མེ་ཏོག་གྲོང་ཁྱེར’ཞེས་པའི་མཚན་སྙན་ཡོད་པ་དང་། ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་སྙིང་དོན་དང་རང་བྱུང་ཐོན་ཁུངས་ལས་ང་ཚོར་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད། ང་ཚོས་རྒྱལ་ཁབ་ཀྱི་སྐྱེད་ཚལ་རྫོང་གྲོང་ཧུར་ཐག་འཛུགས་གཏོད་བྱས་ནས་ལྗང་མདོག་ཐཱན་ཉུང་དང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀང་ཆང་གིས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།