ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱས་ཏེ་རྒྱལ་ཁའི་ངང་གྲོལ་ཡོད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
ད་ཐེངས་ཀྱི་ཚོགས་ཆེན་ནི། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་འབྲེལ་མཚམས་ཀྱི་འཐབ་ཇུས་ཀྱི་མཚམས་ཚིགས་དང་། བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་གསར་པར་ལངས་ཤིང་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་པའི་གལ་ཆེའི་དུས་སྐབས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤོབས་སེམས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། འདི་ནི་དར་ཆར་མཐོན་པོར་སྒྲེང་བ་དང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་ཚོགས་ཆེན་ཞིག་ཡིན་པས། ས་མཐོའི་བུ་ཕྲུག་ཁྲི་360ལྷག་ཙམ་གྱི་དཔའ་ངར་གྱི་འཐབ་སེམས་དང་སྤྲོ་སེམས་ཆེན་པོ་སྔར་བས་འཕེལ་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཆེད་འབད་འབུངས་ཧུར་ཐག་ཐུབ་ངེས་ཡིན། འདི་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཚོགས་ཆེན་ཞིག་ཡིན་པས། ཏང་གི་འོད་ཟེར་གྱིས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གི་སེམས་ལ་དེ་བས་དྲོ་སྐྱིད་སྦྱིན་ཐུབ་ངེས་ཡིན། འདི་ནི་མཐུན་སྒྲིལ་འབད་འབུངས་དང་འབྱུང་འགྱུར་གསར་གཏོད་ཀྱི་ཚོགས་ཆེན་ཞིག་ཡིན་པས། གངས་ལྗོངས་ས་མཐོའི་བུ་ཕྲུག་ཁྲོད“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི”མཉམ་ཤུགས་ཆེན་པོ་ཞིག་ཆག་ཐུབ་ངེས་ཡིན། འདི་ནི་དམངས་གཙོ་དར་སྤེལ་དང་སྤྱོད་བཟང་གཞུང་དྲང་གི་ཚོགས་ཆེན་ཞིག་ཡིན་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་འབད་འབུངས་ལྷོད་མེད་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་ཐུབ་ངེས་རེད།
ཚོགས་ཆེན་གྱིས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་སྤྲད་པ་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད། བློ་མཐུན་ཝང་ཅུན་ཀྲེང་གིས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། འདས་ཟིན་པའི་ལོ་ལྔའི་ཕྱོགས་གང་ས་ཅི་ཐད་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པར་གནད་སྨིན་བརྡར་གཅོད། སླད་ཕྱིན་ལོ་ལྔའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་པའི་འཆར་གཞི་རླབས་པོ་ཆེ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་བཀོད་བཅས་བྱས་ཡོད།
སླད་ཕྱིན་གྱི་ལོ་ལྔ་ནི། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་དང་པོ་དེ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འཆར་གཞི་བཀོད་གནང་བ་དང་དམིགས་ཚད་ཁ་གསལ་བཟོས་པ་མ་ཟད་ཁ་ཕྱོགས་ཀྱང་བསྟན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “སྤྱི་ཡོངས་གཉིས”བློ་ལ་འཆང་བ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་འཆང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། ཆ་ཚང་བ་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་བརྟན་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བཅས་བྱས་ནས་བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ཟམ་མི་ཆད་པར་མདུན་སྐྱོད་བྱེད་དགོས། ངེས་པར་དུ་གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་དུས་རྟག་ཏུ་བློ་ལ་འཆང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་ཁ་གསལ་བཏོན་པའི་འབྱུང་འགྱུར་ལོ་ལྔའི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་གཞིར་བཟུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་གཅིག་ཏུ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུཌ་ཡོད་རྒུས་སྐུལ་འདེད། དམངས་འཚོ་ལེགས་བཅོས་དང་འགན་ལེན་ཏན་ཏིག སྤྱི་ཚོགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་མཐའ་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་འགྲོ་བ་དང་། སྐྱིད་སྣང་དེ་བས་རྒྱུན་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཚད་མཐོའི་མཐོང་ཆེན་དང་། འགོ་ཁྲིད་ལ་ཤུགས་སྣོན། སྒྲིག་འཛུགས་ཞིབ་ཚགས། བཀོད་སྒྲིག་ཚགས་ཚུད་བཅས་བྱས་ཏེ་སྤྱོད་གོ་ཆོད་པའི་བྱེད་ཐབས་སྤྱོད་པ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཚོགས་འདུའི་དགོངས་དོན་དེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་དངོས་སུ་གྱུར་པར་བྱས་ནས་ཚོགས་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་ལས་བྱེད་པ་ཚོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་དོན་དངོས་ཁྲོད་ཟབ་འཇུག་དང་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ནན་པོ་བྱེད་པར་སྣེ་ཁྲིད་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བར་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཐུབ་པར་དམ་འཛིན་ནན་པོ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དུ་གྱུར་པར་བྱས་ཏེ། དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་བྱས་པའི་རྗེས་དང་དྲུད་པའི་ཤུལ་གྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་རེ་རེ་བཞིན་ལ་སྐུལ་འདེད་གཏོང་བ་དང་། ལྷུ་ཚིགས་རེ་རེ་བཞིན་ལ་དམ་འཛིན་ནན་པོ། གནད་དོན་རེ་རེ་བཞིན་ལ་ཐག་གཅོད། རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ། བྱ་བ་རེ་རེ་བཞིན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ད་ཐེངས་ཚོགས་ཆེན་ཐོག་བཀོད་པའི་འཆར་གཞི་གངས་ལྗོངས་ས་མཐོའི་འོད་སྟོང་འཕྲོ་བའི་དོན་དངོས་སུ་འགྱུར་བར་བྱེད་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། བློ་སེམས་གཅིག་མཐུན། དཀའ་སྤྱད་འབད་འཐབ། དམིགས་ཚད་ལ་དམ་པོར་དམིགས་པ། ངར་ཤུགས་གཅིག་སྒྲིམ། ཏན་ཏན་ཏིག་ཏིག དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།