“སྙན་སྒྲོན་གྱི་འགོ་ནས་མཇུག་བར་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱབ་ཡོད་ལ། དམིགས་ཚད་ཁ་གསལ་དང་། ལས་འགན་ཁ་གསལ། བྱེད་ཐབས་ཞིབ་ཕྲ། སྤྱོད་ཚུལ་ཏན་ཏིག ཡིད་ཆེས་བརྟན་པོ་བཅས་ཡོད་པ་དེ་དག་ལས་བོད་ཀྱི་དུས་བབ་གསར་པར་རིག་པ་དྭངས་གསལ་ངང་བརྡར་ཤ་བཅད་པ་དང་། བོད་ཀྱི་གནད་དོན་ལ་སྟངས་འཛིན་ཡང་དག བོད་ཀྱི་ལས་དོན་ལ་བསམ་གཞིག་གཏིང་ཟབ། བོད་ཀྱི་འབྱུང་འགྱུར་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད། བོད་ཀྱི་རེ་སྒུག་ལ་ལན་ནུས་ལྡན་བསྐྱོན་པ་བཅས་ལེགས་པར་མངོན་ཞིང་། དེ་ནི་བོད་ཀྱི་དོན་དངོས་དང་མཐུན་པ་དང་། དམངས་སེམས་དང་མཐུན་པ། མི་སེམས་ལ་སྐུལ་ལྕག་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད”ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་རྫོང་དཔོན་གཞོན་པ། འཕྱོངས་རྒྱས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་དབང་འདུས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས།
འཕྱོངས་རྒྱས་རྫོང་2017ལོར་རང་སྐྱོང་ལྗོངས་རིམ་པའི་ནས་ཐོན་འཕར་གྱི་སྔོན་ཐོན་རྫོང་ལ་བདམས་པ་དང་། 2018ལོར“རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང”ལ་བདམས་པ། 2019ལོར་རྒྱལ་ཡོངས་ཀྱི“གྲོང་གསེབ་ཀྱི་ལམ་ཡག་པོ་བཞིའི”དཔེ་སྟོན་རྫོང་ལ་བདམས་པ། 2020ལོར་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིག་འཛུགས་གསར་གཏོད་ཀྱི་བྱ་དགའ་ཐོབ་པ། 2021ལོར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོར“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་བྱ་དགའ”ཐོབ་ཡོད།
བསྟན་འཛིན་དབང་འདུས་ཀྱིས་གཞི་རིམ་གྱི་ལས་བྱེད་པ་ཞིག་གི་ངོས་ནས། ཏང་གི་འཐུས་མི་ཡག་པོ་ཞིག་བྱས་ཏེ་མི་དམངས་ཀྱི་འདུན་པ་གོང་དུ་ཞུ་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་བྱ་གཞག་ཁག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས།